ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁས་ཞང་ཀང་གི་དོན་དག་ལ་ཐེ་ཇུས་དང་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པར་ཡང་བསྐྱར་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཉེ་སྔོན་ཞང་ཀང་རང་སྐྱོང་བཅའ་ཁྲིམས་ཟེར་བ་གཞིར་བཟུང་ནས་ཞང་ཀང་གི་ཀྲུང་དབྱང་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ལྔ་ལ་བཀག་སྡོམ་བྱས་པ་བསྒྲགས་པར་དམིགས་ནས། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལིས་ཅན་གྱིས་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཨ་མེ་རི་ཁས་ཡང་བསྐྱར་དོན་དེ་བསྒྲགས་པ་ནི་འདས་དོན་སྐྱར་ཟློས་བྱས་པ་ཙམ་ཡིན་ལ། ཀྲུང་གོས་ཨ་མེ་རི་ཁས་ཀྲུང་གོ་ཕྱོགས་ཀྱི་མི་སྣར་བཀག་སྡོམ་ཟེར་བ་བྱེད་མཚམས་འཇོག་རྒྱུ་དང་། ཞང་ཀང་གི་དོན་དག་ལ་ཐེ་ཇུས་དང་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པར་ཡང་བསྐྱར་འབོད་སྐུལ་བཏང་བ་ཡིན་ཟེར།

ཀྲའོ་ལིས་ཅན་གྱིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད།

ཀྲའོ་ལིས་ཅན་གྱིས་བཤད་རྒྱུར། ཀྲུང་གོས་ཨ་མེ་རི་ཁ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཞིར་བཟུང་སྟེ་ཀྲུང་གོའི་མི་སྣར་བཀག་སྡོམ་བྱས་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་དང་རྒོལ་གཏམ་དྲག་པོ་བཏང་བ་ཡིན། ད་ལོའི་ཟླ་བདུན་པར། ཨ་མེ་རི་ཁས་ཞང་ཀང་གི་ཚོང་ལས་ཉེན་བརྡ་ཟེར་བ་བསྒྲགས་ནས། ཞང་ཀང་གི་ཀྲུང་དབྱང་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ལྔ་དང་བཅས་པའི་ཀྲུང་གོའི་དཔོན་རིགས་བདུན་ལ་བཀག་སྡོམ་བྱས་པར་བསྒྲགས་ཡོད། ཀྲུང་གོས་ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་གཞིར་བཟུང་ནས་ཨ་མེ་རི་ཁའི་འབྲེལ་ཡོད་མི་སྣར་དེ་དང་གཅིག་མཚུངས་ཀྱི་བཀག་སྡོམ་བྱེད་ཐབས་སྤྱད་ཡོད། ཨ་མེ་རི་ཁས་ཐེངས་འདིར་ཡང་བསྐྱར་དོན་དེ་བསྒྲགས་པ་དེ་འདས་དོན་སྐྱར་ཟློས་བྱས་པ་ཙམ་ཡིན་ལ། དེའི་དམིགས་ཡུལ་ནི་ཞང་ཀང་དང་འབྲེལ་བའི་གནད་དོན་འུད་བརྗོད་བྱས་ཏེ་ཀྲུང་གོར་བཀག་འགོག་བྱེད་པའི་ཆབ་སྲིད་ཀྱི་ལྐོག་གཡོར་ཞབས་འདེགས་ཞུ་རྒྱུ་ཙམ་ལས་མ་འདས་པས། དེས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཞང་ཀང་གི་མིའི་ཐོབ་ཐང་ལ་སེམས་ཁུར་བྱེད་པ་ནི་རྫུན་དང་། ཞང་ཀང་གི་དར་རྒྱས་གཏན་འཇགས་ལ་གཏོར་བརླག་བྱེད་པ་ནི་ངོ་མ་ཡིན་པ་གསལ་བོར་བསྟན་ཡོད་ཟེར།

ཀྲའོ་ལིས་ཅན་གྱིས་བཤད་རྒྱུར། ཨ་མེ་རི་ཁའི་ནོར་འཁྲུལ་གྱི་བྱ་སྤྱོད་ལ་དམིགས་ནས། ཀྲུང་གོས་དེ་དང་གཅིག་མཚུངས་ཀྱི་བཀག་སྡོམ་བྱེད་ཐབས་སྤྱད་དེ། ཕྱི་རྒྱལ་གྱི་བཀག་སྡོམ་ལ་རྒོལ་བའི་བཅའ་ཁྲིམས་གཞིར་བཟུང་སྟེ་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཚོང་དོན་པུའུ་ཀྲང་ལཱོ་སི་དང་། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་ཨ་མེ་རི་ཁ་དང་ཀྲུང་གོའི་དཔལ་འབྱོར་དང་བདེ་འཇགས་དཔྱད་འཇོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁཱ་ལཱོ་ལིན་པཱ་སའེ་ལོ་ལེའོ། རྒྱལ་ཚོགས་སྲིད་འཛིན་སྡེ་ཁག་ཀྲུང་གོ་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་སི་ཏེ་ཝོ་སི། ཨ་མེ་རི་ཁའི་རྒྱལ་སྤྱིའི་ལས་དོན་དམངས་གཙོ་མཐུན་ཚོགས་ཀྱི་ཅིན་ཏུའུ་ཡུན། ཨ་མེ་རི་ཁའི་རྒྱལ་སྤྱིའི་སྤྱི་མཐུན་ཞིབ་འཇུག་ཁང་གི་ཞང་ཀང་དུ་ཡོད་པའི་ཆེད་མངགས་འཐུས་ཚབ་ཡཱ་ཏང་ཅིན་བཅས་ཨ་མེ་རི་ཁ་ཕྱོགས་ཀྱི་མི་ལྔ་ལ་བཀག་སྡོམ་བྱེད་རྒྱུའི་ཐག་བཅད་ཡོད་པ་དང་། བཀག་སྡོམ་གྱི་ནང་དུ་གོང་གི་མི་དེ་དག་ཀྲུང་གོར་ཡོང་དུ་མི་འཇུག་པ་དང་། མི་དེ་དག་གི་ཀྲུང་གོ་རུ་ཡོད་པའི་རྒྱུ་ནོར་བཀག་སྡོམ་བྱེད་པ། ཀྲུང་གོའི་སྤྱི་དམངས་དང་ལས་ཁུངས་ཀྱིས་དེར་འབྲེལ་འདྲིས་བྱེད་དུ་མི་འཇུག་པ་སོགས་འདུ། དེའི་སྔོན་ལ་ཀྲུང་གོས་ཨ་མེ་རི་ཁའི་ཞང་ཀང་དང་འབྲེལ་བའི་ནོར་འཁྲུལ་གྱི་བྱ་སྤྱོད་ལ་དམིགས་ནས་ཨ་མེ་རི་ཁར་བཀག་སྡོམ་བྱེད་རྒྱུའི་ཐག་བཅད་ཡོད་པ་དང་། བཀག་སྡོམ་བྱེད་ཡུལ་དང་བྱེད་ཐབས་དེ་དག་སྔར་བཞིན་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཀྲའོ་ལིས་ཅན་གྱིས་བཤད་རྒྱུར། ང་ཚོས་ཨ་མེ་རི་ཁས་ཀྲུང་གོའི་མི་སྣར་བཀག་སྡོམ་བྱེད་མཚམས་འཇོག་པ་དང་། ཞང་ཀང་གི་དོན་དག་ལ་ཐེ་ཇུས་དང་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་པར་ཡང་བསྐྱར་འབོད་སྐུལ་བཏང་བ་ཡིན། ཀྲུང་གོས་མུ་མཐུད་དུ་ཁྲིམས་ལྟར་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་དེ་རྒྱལ་ཁབ་ཀྱི་ཁེ་ཕན་དང་ལ་རྒྱ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།