ཀྲུང་གོ་བོད་ཀྱི་དྲ་བ།

ཁི་ཝེ་ཐིའི་སྲིད་གཞུང་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སཱ་པཱ་ཧི་དབུ་བཞུགས་བློན་ཆེན་ཡིན་པའི་ཁི་ཝེ་ཐིའི་སྐབས་གསར་པའི་སྲིད་གཞུང་གིས་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

ཁི་ཝེ་ཐིའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཁི་ཝེ་ཐིའི་སྲིད་གཞུང་གསར་བས་ཉིན་དེར་རྒྱལ་རྒྱུད་མུས་ཧྲ་ལེའི་མདུན་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར། མུས་ཧྲ་ལེ་ཡིས་བསྟན་དོན། སྲིད་གཞུང་གསར་བས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་མཉམ་དུ་བཅོས་བསྒྱུར་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཆར་གཞི་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དེའི་ཞོར་དུ་སྲིད་གཞུང་དང་གྲོས་ཁང་གིས་ཕན་ནུས་ལྡན་ཞིང་འཛུགས་སྐྲུན་རང་བཞིན་ལྡན་པའི་མཉམ་ལས་བྱས་ཏེ་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་དམངས་ཀྱི་བདེ་སྐྱིད་མངོན་འགྱུར་བྱེད་དགོས་ཟེར། 

སཱ་པཱ་ཧི་ཡིས་ལས་འགན་ཁུར་བའི་མཛད་སྒོའི་སྟེང་བསྟན་དོན། སྲིད་གཞུང་གསར་བས་ཧུར་ཐག་སྒོས་བཅོས་བསྒྱུར་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དོ་མཉམ་དང་འཕེལ་རྒྱས་འཆར་གཞི་མངོན་འགྱུར་བྱས་ནས་རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཟེར། 

མུས་ཧྲ་ལེ་ཡིས་ཚེས་ཉེར་བརྒྱད་ཉིན་བཅའ་ཁྲིམས་བཀའ་རྒྱ་སྤེལ་ནས། སཱ་པཱ་ཧི་དབུ་བཞུགས་བློན་ཆེན་ཡིན་པའི་སྐབས་གསར་བའི་སྲིད་གཞུང་བཙུགས་པ་ཁྱབ་བསྒྲགས་བྱས། སྲིད་གཞུང་གསར་བ་དེ་ཁོངས་མི་བཅོ་ལྔས་གྲུབ་ཡོད་པ་དང་། སུམ་ཆའི་གཅིག་གི་ཁོངས་མི་དག་སྐབས་སྔོན་མའི་སྲིད་གཞུང་གི་ཁོངས་མི་ཡིན་པ་རེད། 

སཱ་པཱ་ཧི་ཡིས་མགོ་ཁྲིད་པའི་སྐབས་སྔོན་མའི་སྲིད་གཞུང་གིས་ད་ལོའི་ཟླ་གསུམ་པའི་ཟླ་འགོར་ལས་འགན་ཁུར་བ་དང་། རྒྱལ་ཚོགས་ཀྱི་གྲོས་མི་དག་སྲིད་གཞུང་གི་ཁོངས་མི་མང་བོར་དོགས་གཞི་ཡོད་པའི་ཚུལ་བསྟན་པས་སྐབས་སྔོན་མའི་སྲིད་གཞུང་གིས་ཟླ་བཅུ་གཅིག་པར་མཉམ་དུ་ལས་ཁུར་དགོངས་ཞུ་བྱས་པ་རེད། དུས་ཡུན་རིང་བོའི་ཚུན་ལ། ཁི་ཝེ་ཐིའི་སྲིད་གཞུང་དང་གྲོས་ཁང་གི་འབྲེལ་བ་ཛ་དྲག་ཡིན་ཞིང་། གྲོས་མི་མང་བོས་ཐེངས་མང་བོར་སྲིད་གཞུང་གི་ཁོངས་མིར་དོགས་གཞི་ཡོད་པའི་ཚུལ་བསྟན་མྱོང་། སྲིད་གཞུང་གིས་ལས་ཁུར་དགོངས་ཞུ་བྱས་རྗེས་འབྲེལ་ཡོད་ཀྱི་དོགས་གཞིའི་བསམ་ཚུལ་དེ་ཡང་རང་བཞིན་དུ་མེད་པར་གྱུར་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།