ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་མུ་མཐུད་དུ་མ་ལག་ལྡན་པའི་སྒོ་ནས་དྲག་ཆས་སྟོབས་ཤུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཅིག་ཉིན་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་རྒྱ་བསྐྱེད་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ཨུ་རུ་སི་ཡིས་མུ་མཐུད་དུ་མ་ལག་ལྡན་པའི་སྒོ་ནས་དྲག་ཆས་སྟོབས་ཤུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ན། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སིའི་དངོས་གཞིའི་བདེ་འཇགས་འགན་སྲུང་དེར་ཡིད་རྟོན་མེད་ཀྱང་སྐྱོན་མེད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་དུ་དམག་དཔུང་གཅིག་བསྡུས་བྱས་ཏེ་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བཞིན་ཡོད་ལ། གནས་ཚུལ་དེར་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁར་བདེ་འཇགས་འགན་སྲུང་སྐོར་གྱི་ཆིངས་ཡིག་འཆར་ཟིན་སྤྲད་ཡོད་ལ། དངོས་གཞིའི་ཁྲིམས་མཐུན་གྱི་བདེ་འཇགས་འགན་སྲུང་དེར་ཡིད་རྟོན་ཆེར་མེད་ཀྱང་སྐྱོན་མེད། རྒྱུ་མཚན་ནི་ཨ་མེ་རི་ཁས་རྒྱུ་རྐྱེན་གང་རུང་དབང་གིས་རྒྱལ་སྤྱིའི་ཆིངས་ཡིག་ཅིག་ལ་སྤྲོ་བ་མེད་པའི་སྐབས་སུ། རང་མགོ་རང་རྒྱལ་གྱིས་ཆིངས་ཡིག་ལས་ཕྱིར་འབུད་སྲིད་པ་ཡིན། ཁོ་ཚོ་འཕུར་མདའ་འགོག་པའི་ཆིངས་ཡིག་དང་བར་སྣང་སྒོ་འབྱེད་ཆིངས་ཡིག་ལས་ཕྱིར་བུད་པ་དང་གཅིག་འདྲ་ཡིན་ཟེར། 

ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། གལ་ཏེ་ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱིས་མུ་མཐུད་དུ་བཙན་འཛུལ་ལམ་ཐིག་ལག་བསྟར་བྱས་ན། ཨུ་རུ་སིའི་ཕྱོགས་ཀྱིས་དེ་མཚུངས་ཀྱི་དམག་དོན་ལག་རྩལ་བྱེད་ཐབས་སྤྱད་དེ་མཛའ་མཐུན་མི་ལྡན་པའི་བྱ་སྤྱོད་དེར་རྒོལ་ལན་དྲག་པོ་སྤྲོད་རྒྱུ་ཡིན། ཨུ་རུ་སིའི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་སྤེལ་བའི་དབང་ཆ་ཡོད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་ཁྲག་བཞུར་འཁྲུག་རྩོད་ལ་ངོ་རྒོལ་བྱེད་པ་དང་། ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པར་རེ་བཞིན་ཡོད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། རྙོག་འཛིང་གི་རྒྱལ་སྤྱིའི་གནས་བབ་འོག ཨུ་རུ་སི་ཡིས་མུ་མཐུད་དུ་འཆར་གཞི་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་དྲག་ཆས་སྟོབས་ཤུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དེའི་ནང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་པར་གཞི་གསར་བའི་ཁྲོད་གཏན་འཁེལ་བྱས་པའི་ནང་དོན་གཙོ་བོ་འདུས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།