ཀྲུང་གོ་བོད་ཀྱི་དྲ་བ།

རིམས་ནད་ཀྱི་དབང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ཕྱིར་འགྱངས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས20ཉིན། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་སྤེལ་བའི་གསར་འགྱུར་སྤྱི་བསྒྲགས་ལྟར་ན། 2022ལོའི་ཟླ1པོའི་ནང་སུའེ་ཙེར་ཏཱ་ཝོ་སི་རུ་འཚོགས་འཆར་ཡོད་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་རིམས་ནད་ཀྱི་དབང་གིས་ཕྱིར་འགྱངས་བྱས་པ་ཡོད་པ་རེད།

གསར་འགྱུར་སྤྱི་བསྒྲགས་ནང་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱི་གཞན་བསྒྱུར་དུག་རྐང་ཨོ་མིས་ཁུ་རོང་གང་སར་ཁྱབ་སྤེལ་བྱས་པའི་སྟབས་ཀྱིས། གོ་ལ་ཧྲིལ་བོའི་སྐུ་མགྲོན་རྣམས་ཡུལ་དངོས་ནས་ལོ་ཚོགས་འཚོགས་པར་དཀའ་ཁག་ཆེན་པོར་བཟོས་པ་རེད། དེ་བས་ཐེངས་འདིའི་ལོ་ཚོགས་དེ2022ལོའི་དབྱར་མགོ་ལ་འཚོགས་རྒྱུའི་འཆར་གཞི་བཟོས་ཡོད་པ་རེད།

ཡང་གསར་འགྱུར་སྤྱི་བསྒྲགས་ནང་བཤད་རྒྱུར། ཚོགས་ཞུགས་མི་སྣ་དང་ལས་བཟོ་བ་རྣམས་ཀྱི་བདེ་ཐང་དང་བདེ་འཇགས་ནི་གླེང་སྟེགས་ཀྱིས་ཆེས་ཐོག་མར་བསམ་བློ་གཏོང་དགོས་པའི་གནད་དོན་རེད། ཨོ་མིས་ཁུ་རོང་དུག་རྐང་གིས་འགོ་ཁྱབ་རང་བཞིན་དང་འགྲུལ་བཞུད་ཀྱི་ཚོད་འཛིན་སོགས་ཀྱི་དབང་གིས་ལོ་ཚོགས་ཕྱིར་འགྱངས་བྱས་པ་ནི་ཆེས་འོས་ཤིང་འཚམས་པའི་གདམ་ག་ཞིག་རེད། 

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གསར་གཏོད་པའམ་ལག་བསྟར་ཀྲུའུ་ཞི་ཧྲི་ཝ་པུའུ་ཡིས་བཤད་རྒྱུར། ལོ་ཚོགས་ཕྱིར་འགྱངས་བྱས་པ་དེས་ཁེ་ལས་ཀྱི་ཕུལ་བྱུང་མི་སྣ་དང་སྲིད་གཞུང་གི་མགོ་ཁྲིད་མི་སྣར་མུ་མཐུད་དུ་དྲ་སྟེང་གི་ཚོགས་འདུ་ཁྲོད་ཞུགས་པར་བཀག་རྒྱ་ཅི་ཡང་བཟོས་མེད་པ་རེད།

སུའུ་ཙེར་རྒྱལ་ཁབ་ཀྱི་རི་ནེ་ཝ་རུ་ཡོད་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ནི་འཛམ་གླིང་གི་དཔལ་འབྱོར་ཁྱབ་ཁོངས་ཁྲོད་གནས་པའི་གནད་དོན་ལ་ཞིབ་འཇུག་དང་བགྲོ་གླེང་བྱེད་པ། དེ་མིན་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་བརྗེ་རེས་ལ་སྐུལ་སྤེལ་གཏོང་རྒྱུ་དེ་དམིགས་སུ་འཛིན་པའི་གཞུང་ཕྱོགས་མ་ཡིན་པའི་རྒྱལ་སྤྱི་རང་བཞིན་གྱི་སྡེ་ཁག་ཞིག་རེད། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།