ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་སག་སི་ཐན་གྱིས་རྒྱལ་ཁབ་རང་བཙན་བྱས་ནས་ལོ་ངོ་སུམ་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧཱ་སག་སི་ཐན་གྱིས་ཚེས་བཅུ་དྲུག་ཉིན་རྒྱལ་ཁབ་རང་བཙན་བྱས་ནས་ལོ་ངོ་སུམ་ཅུ་འགོར་བའི་རྗེས་དྲན་ཉིན་མོ་བསུས་པ་དང་། རྒྱལ་ཡོངས་སུ་ཉིན་བཞིའི་རིང་གནང་བ་བྱིན་ནས་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་གཟབ་རྒྱས་བྱས། 

ཧཱ་སག་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་བསྒྲགས་པ་ལྟར་ན། ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཚེས་བཅོ་ལྔ་ཉིན་ཧཱ་སག་སི་ཐན་རང་བཙན་བྱས་ནས་ལོ་ངོ་སུམ་ཅུ་འགོར་བའི་རྗེས་དྲན་ཚོགས་ཆེན་སྟེང་གཏམ་བཤད་སྤེལ་ཏེ། རང་བཙན་བྱས་ནས་ལོ་ངོ་སུམ་ཅུ་འགོར་བའི་རིང་ལ། ཧཱ་སག་སི་ཐན་གྱི་ཁྱབ་ཁོངས་སོ་སོའི་འཛུགས་སྐྲུན་ཁྲོད་མགྱོགས་མྱུར་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། རྒྱལ་ཁབ་ཀྱི་རང་བཙན་དེ་མི་དམངས་ལ་མཚོན་ན་བླ་མེད་དང་རྩ་ཆེན་ཞིག་ཡིན་ལ། བུ་རབས་ཚ་རྒྱུད་དག་གིས་རྟག་བརྟན་གྱི་རྒྱུ་ནོར་དེར་སྲུང་སྐྱོབ་བྱེད་དགོས་ཟེར། 

ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐོག་མ་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་ཉེ་སྔོན་ཧཱ་སག་སི་ཐན་རང་བཙན་བྱས་ནས་ལོ་ངོ་སུམ་ཅུ་འགོར་བའི་ཐད་ནས་གསར་འགྱུར་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། མ་འོངས་པའི་ཧཱ་སག་སི་ཐན་གྱིས་མུ་མཐུད་དུ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་བཅོས་བསྒྱུར་ལ་ཡར་སྐུལ་བྱེད་པ། མི་དམངས་ཀྱི་འཚོ་བའི་རྒྱུ་སྤུས་མཐོར་འདེགས་བྱས་ཏེ། སྣ་མང་ཅན་གྱི་སྟོབས་དང་ལྡན་པའི་དཔལ་འབྱོར་ཚོགས་པ་ཞིག་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར། 

བསྟུད་མར་ཉིན་འགའི་རིང་ལ། ཧཱ་སག་སི་ཐན་གྱི་ས་ཁུལ་སོ་སོས་རིག་རྩལ་འཁྲབ་སྟོན་དང་པར་རིས་འགྲེམ་སྟོན་སོགས་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ། ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཚེས་བཅུ་གསུམ་ཉིན་ད་རུང་རྒྱལ་ཁབ་འཛུགས་སྐྲུན་ཁྲོད་བྱས་རྗེས་འབུར་ཐོན་བཞག་པའི་སྤྱི་དམངས་ཀྱི་འཐུས་མི་སྐོར་ཞིག་ལ་གཟེངས་བསྟོད་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།