ཀྲུང་གོ་བོད་ཀྱི་དྲ་བ།

མེ་གླིང་གི་པའོ་ལེ་ཝ་ཨར་མནའ་འབྲེལ་གྱིས་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བར་འབད་འབུངས་བྱེད་རྒྱུ་བསྐྱར་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མེ་གླིང་གི་པའོ་ལེ་ཝ་ཨར་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་ཉི་ཤུ་བ་ཚེས་བཅུ་བཞི་ཉིན་ཁུ་པཱའི་རྒྱལ་ས་ཧཱ་ཝ་ནཱ་ནས་སྤེལ། ཁུ་པཱ་དང་ཝེ་ནེ་ཙུའེ་ལཱ། པའོ་ལེ་ཝེ་ཡཱ། ནི་ཁཱ་རཱ་ཀྭ་སོགས་ཁོངས་གཏོགས་རྒྱལ་ཁབ་བཅུའི་མགོ་གཙོ་དང་སྲིད་གཞུང་གི་མགོ་ཁྲིད་པའམ་འཐུས་མི་བཅས་ཀྱིས་མཐོ་རིམ་གྲོས་ཚོགས་ཀྱི་གསལ་སྒྲོག་ནང་བསྟན་དོན། མུ་མཐུད་དུ་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བར་འབད་འབུངས་བྱེད་རྒྱུ་ཡིན་ཟེར། 

ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་མཐོ་རིམ་གྲོས་ཚོགས་གྲོལ་བའི་མཛད་སྒོའི་སྟེང་བཤད་རྒྱུར། གཞི་གཅིག་ཅན་ལས་ས་ཁུལ་ཧྲིལ་བོས་མཉམ་དུ་བཙན་རྒྱལ་རིང་ལུགས་ཀྱི་དབང་ཤུགས་ལ་ཁ་གཏད་འཇལ་ནས་ས་ཁོངས་ཀྱི་ཞི་བདེ་ལ་སྲུང་སྐྱོབ་བྱེད་ཐུབ་ཟེར། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་གཏམ་བཤད་སྤེལ་སྐབས་ཕྱོགས་ཡོངས་ཀྱི་ས་ཁོངས་དཔལ་འབྱོར་དང་ཚོང་ལས་འཕེལ་རྒྱས་ཀྱི་འཆར་གཞི་གཏན་འབེབས་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། 

མཐོ་རིམ་གྲོས་ཚོགས་ཀྱི་གསལ་སྒྲོག་ལས་ཨ་མེ་རི་ཁའི་སྲིད་གཞུང་གིས་ཝེ་ནེ་ཙུའེ་ལཱའི་མི་དམངས་དང་སྲིད་གཞུང་ལ་ཕྱོགས་གཅིག་ནས་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པར་རྒོལ་གཏམ་བཏང་ཞིང་། ཨ་མེ་རི་ཁས་ཁུ་པཱའི་དཔལ་འབྱོར་དང་དངུལ་ལོར་ཐད་ཀྱི་བཀག་སྡོམ་དང་ཉོ་ཚོང་བཀག་འདྲེན་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཨ་མེ་རི་ཁའི་སྲིད་གཞུང་གི་འབྲེལ་ཡོད་བྱ་སྤྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་སྒྲིག་སྲོལ་དང་འགལ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།