ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོའི་སྲིད་ཏང་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་དམངས་གཙོའི་བགྲོད་ལམ་ལ་རང་བདག་འཚོལ་ཞིབ་དང་ལག་རྡང་སྦྲེལ་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་སྟེང་གི་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་བཞི་བཅུའི་སྲིད་ཏང་དང་སྤྱི་ཚོགས་རྩ་འཛུགས། རིག་མཛོད་བཅས་སུམ་བརྒྱ་དང་ང་ལྔ་ཡིས་རྣམ་པ་མི་འདྲ་བའི་སྒོ་ནས་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ལ་འབྲེལ་གཏུག་བྱས་ཤིང་། དམངས་གཙོའི་བགྲོད་ལམ་ལ་རང་བདག་འཚོལ་ཞིབ་དང་ལག་རྡང་སྦྲེལ་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དམངས་གཙོ་ནི་མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། འཕེལ་རྒྱས་ནི་མིའི་རིགས་སྤྱི་ཚོགས་ཀྱི་རྟག་བརྟན་འཚོལ་བསྙེག་ཡིན། རྒྱལ་ཁབ་ཚང་མར་འཚམ་པའི་དམངས་གཙོའི་ལམ་ལུགས་དང་འཕེལ་རྒྱས་རྣམ་པ་ཞིག་ཡོད་མི་སྲིད་ལ། དམངས་གཙོར་ཁ་གཡར་ནས་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་དགོས་པ་ནན་བཤད་བྱས་པར་མ་ཟད། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་མཛུབ་སྟོན་དུ་བྱས་ཏེ་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། 

མཉམ་འབྲེལ་གསལ་སྒྲོག་ལས་བལྟས་ན། སྣ་མང་རང་བཞིན་ནི་མིའི་རིགས་ཀྱི་དཔལ་ཡོན་གྱི་འགུག་ཤུགས་གཙོ་བོ་ཡིན་པ་དང་། འཛམ་གླིང་འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཀྱང་ཡིན། དམངས་གཙོ་མངོན་འགྱུར་བྱེད་པར་ཐབས་ལམ་མང་བོ་ཡོད་ཅིང་། རྒྱལ་ཁབ་དང་ས་ཁུལ་མི་འདྲ་བའི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་ལམ་ལུགས། འཕེལ་རྒྱས་དུས་རིམ་བཅས་གཅིག་མཚུངས་སུ་མ་ངེས་ལ། རྒྱལ་ཁབ་ཚང་མར་འཚམ་པའི་དམངས་གཙོ་ལམ་ལུགས་དང་འཕེལ་རྒྱས་རྣམ་པ་ཞིག་ཡོད་མི་སྲིད། གཅིག་རྐྱང་གི་ཚད་གཞི་བཀོལ་ནས་འཛམ་གླིང་ཡོངས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་ཆབ་སྲིད་ལམ་ལུགས་ལ་ཚད་འཇལ་བྱེད་པ་དང་། ཕྱོགས་རེས་པའི་མིག་མདངས་ཀྱིས་མིའི་རིགས་ཀྱི་ཁ་དོག་རྣམ་པར་བཀྲ་བའི་ཆབ་སྲིད་དཔལ་ཡོན་ལ་ཞིབ་ལྟ་བྱེད་པ་ནི་མ་གཞི་ནས་དམངས་གཙོ་མིན་པའི་སྣང་ཚུལ་ཞིག་ཡིན་པར་འདོད། 

མཉམ་འབྲེལ་གསལ་སྒྲོག་ལས་བསྟན་དོན། རྒྱལ་ཁབ་ཅིག་དམངས་གཙོ་ཡིན་མིན་དེ་གཙོ་བོ་མི་དམངས་ལ་ངེས་པ་དོན་གྱི་རང་བདག་དབང་ཆ་ཡོད་མེད་ལ་རག་ལས་ཤིང་། མི་དམངས་ལ་འདེམ་ཤོག་འཕེན་པའི་དབང་ཆ་ཡོད་མེད་ལ་བལྟ་དགོས་པ་དང་། མི་དམངས་ལ་རྒྱ་ཆེར་ཟབ་ཞུགས་ཀྱི་དབང་ཆ་ཡོད་མེད་ལ་བལྟ་དགོས། མི་དམངས་ལ་འདེམ་བསྐོའི་འཕེལ་རིམ་ཁྲོད་ངག་ཐོག་གི་ཁས་ལེན་ཅི་ཞིག་བྱས་པར་བལྟ་དགོས་ལ། འདེམ་བསྐོའི་རྗེས་སུ་ཁས་ལེན་དེ་དག་ག་ཚོད་མངོན་འགྱུར་བྱུང་བར་བལྟ་དགོས། ལམ་ལུགས་དང་བཅའ་ཁྲིམས་ལས་ཆབ་སྲིད་ལས་རིམ་དང་ཆབ་སྲིད་སྒྲིག་སྲོལ་ཅི་འདྲ་ཞིག་གཏན་འཁེལ་བྱས་པར་བལྟ་དགོས་པ་དང་། ལམ་ལུགས་དང་བཅའ་ཁྲིམས་ནི་ངེས་པ་དོན་གྱིས་ལག་བསྟར་ཐོབ་མིན་ལ་བལྟ་དགོས། དབང་ཤུགས་བེད་སྤྱོད་ཀྱི་སྒྲིག་སྲོལ་དང་ལས་རིམ་དམངས་གཙོ་ཡིན་མིན་ལ་བལྟ་དགོས་ལ། དབང་ཤུགས་ལ་དོན་ངོ་མར་མི་དམངས་ཀྱི་ལྟ་རྟོག་དང་ཚོད་འཛིན་ཐེབས་ཡོད་མིན་ལ་བལྟ་དགོས་པ་ཡིན་ཟེར། 

མཉམ་འབྲེལ་གསལ་སྒྲོག་ལས་ནན་གྱིས་བསྟན་དོན། དམངས་གཙོ་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་དབང་ཆ་ཡིན་པ་ལས་རྒྱལ་ཁབ་ཉུང་ཤོས་ཀྱི་ཆེད་དབང་མ་ཡིན། རྒྱལ་ཁབ་ཅིག་དམངས་གཙོ་ཡིན་མིན་དེར་རྒྱལ་ཁབ་དེ་རང་གི་མི་དམངས་ཀྱི་བརྡར་གཅོད་བྱེད་དགོས། དམངས་གཙོར་སྐུལ་འདེད་གཏོང་ན་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་རེ་འདུན་མངོན་འགྱུར་བྱེད་པར་དམིགས་དགོས་པ་དང་། རྒྱུན་ཆད་མེད་པར་མི་དམངས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་འཇགས་ཀྱི་ཚོར་བ་བཅས་མཐོ་རུ་འདེགས་དགོས། འཛམ་གླིང་སྟེང་གི་རྒྱལ་ཁབ་དང་མི་རིགས་ཚང་མས་འདྲ་མཉམ་གྱི་འཕེལ་རྒྱས་གོ་སྐབས་དང་ཁེ་དབང་ལོངས་སུ་སྤྱོད་དགོས་པ་དང་། བཟོད་སྒོམ་དང་ཀུན་ཕན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གང་ཡང་རྗེས་ལ་ལུས་སུ་འཇུག་མི་རུང་ཟེར། 

མཉམ་འབྲེལ་གསལ་སྒྲོག་ལས་བསྟན་དོན། རྒྱལ་སྤྱིའི་འབྲེལ་བའི་དམངས་གཙོ་ཅན་ནི་དུས་རབས་ཀྱི་རླབས་རྒྱུན་ཡིན་པ་དང་། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་ནི་རྒྱལ་སྤྱིའི་འབྲེལ་བའི་དམངས་གཙོ་ཏང་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན། མིའི་རིགས་འགྲན་རྩོད་སྣ་ཚོགས་དང་འཛམ་གླིང་རང་བཞིན་གྱི་གནད་དོན་ལ་འཕྲད་ཡོད་སྟབས། ངེས་པར་དུ་བཟོད་སྒོམ་སྔར་ལས་ཆེ་བའི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་དང་ཕན་ནུས་སྔར་ལས་ལྡན་པའི་ཕྱོགས་མང་རྐྱེན་སྲོལ། སྔར་ལས་ལྷག་པའི་ས་ཁོངས་མཉམ་ལས་བཅས་ཆགས་པར་བྱས་ན་ད་གཟོད་ཐག་གཅོད་གང་ལེགས་བྱེད་ཐུབ་ཟེར། 

མཉམ་འབྲེལ་གསལ་སྒྲོག་ལས། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་མཛུབ་སྟོན་དུ་བྱས་ཤིང་། མིའི་རིགས་ཀྱི་མདུན་སྐྱོད་ལས་དབང་ལ་འགན་གང་ལེགས་ཁུར་བའི་རྣམ་འགྱུར་བཟུང་སྟེ། ཧུར་ཐག་སྒོས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ནས། སྤྱི་ཚོགས་ལམ་ལུགས་མི་འདྲ་བ་དང་། འདུ་ཤེས་འཛིན་སྟངས་མི་འདྲ་བ། ལོ་རྒྱུས་རིག་གནས་མི་འདྲ་བ། འཕེལ་རྒྱས་ཆུ་ཚད་མི་འདྲ་བའི་རྒྱལ་ཁབ་དག་ལ་རྒྱལ་སྤྱིའི་ལས་དོན་ཁྲོད་ཁེ་ཕན་མཉམ་ཐོབ་དང་ཁེ་དབང་མཉམ་སྤྱོད། འགན་འཁྲི་མཉམ་ཁུར་བཅས་བྱེད་དུ་བཅུག་སྟེ། ལག་རྡང་སྦྲེལ་ནས་སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།