ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལ་པྲོག་གསར་གློ་ཚད་ནད་དུག་བརྟག་དཔྱད་བྱས་པའི་མཇུག་འབྲས་གདགས་གཤིས་མངོན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས12ཉིན། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་བཞུགས་ཤག་གིས་གསལ་བསྒྲགས་སྤེལ་དོན། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་སཱ་ལ་ཉིན་དེར་པྲོག་གསར་གློ་ཚད་ཀྱི་ནད་དུག་བརྟག་དཔྱད་བྱས་པའི་མཇུག་འབྲས་གདགས་གཤིས་མངོན་པས། སྨན་བཅོས་དང་ལེན་དང་རང་ཉིད་ལོག་བཀར་བྱེད་བཞིན་ཡོད་ཟེར། 

གསལ་བསྒྲགས་ནང་བཤད་རྒྱུར། ཉིན་དེར་ལཱ་མ་ཧྥུའུ་སཱ་ཡིས་ཁེ་ཕུའུ་ཏུང་དུ་ཙུང་ཐུང་ཟུར་པ་ཏི་ཁེ་ལེ་ཁེ་ལ་མྱ་ངན་ཞུ་བའི་མཛད་སྒོར་ཞུགས་པའི་རྗེས་སུ་ལུས་ཕུང་ཅུང་མི་བདེ་བའི་སྣང་བ་བྱུང་བས། དེ་མ་ཐག་པྲོག་གསར་ནད་དུག་བརྟག་དཔྱད་བྱས་ཤིང་མཇུག་འབྲས་གདགས་གཤིས་མངོན་པ་རེད། ལཱ་མ་ཧྥུའུ་སཱ་ཡིས་དེ་སྔོན་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་ཡོད་པས། མིག་སྔར་ནད་རྟགས་ཅུང་ཡངས་ཤིང་རྣམ་རིག་བཟང་བ་རེད། 

གསལ་བསྒྲགས་ལྟར་ན། ཉེ་སྔོན་ལཱ་མ་ཧྥུའུ་སཱ་ཡིས་ནི་ཀྲི་རི་ཡ་དང་ཁོ་ཐེ་ཏི་ཝོར་བཅས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ4ལ་འཚམས་འདྲི་བྱས་ཤིང་། ཁོང་དང་འཐུས་ཚབ་ཚོགས་པའི་ཁོངས་མི་ཚང་མ་ཕྱིའི་རྒྱལ་ཁབ་དུ་འཚམས་འདྲི་བྱེད་དུས་དང་ཕྱིར་ལོག་དུས་པྲོག་གསར་གློ་ཚད་ཀྱི་ནད་དུག་བརྟག་དཔྱད་བྱས་པའི་མཇུག་འབྲས་ཚང་མ་སྲིབ་གཤིས་མངོན་པ་རེད།

ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ཁབ་རིམས་ནད་ཞིབ་འཇུག་སའོ་ཡིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། འདས་པའི་དུས་ཚོད24རིང་ཨ་ཧྥེ་རི་ཁ་ལྷོ་མ་རུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཐག་བཅད་ནད་པ18035ཇེ་མང་དུ་སོང་ཞིང་། བསྡོམས་པས3167497ཡོད་པ་དང་། ཚེ་འདས་ནད་པ21ཇེ་མང་དུ་སོང་ཞིང་བསྡོམས་པས90137ཡོད་པ་རེད། མིག་སྔའི་བར་ཨ་ཧྥེ་རི་ཁ་ལྷོ་མ་རུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་བརྒྱབ་གྲངས་ཁྲི2709ལས་བརྒལ་ཡོད་ལ། མི་གྲངས་ཁྲི1816ལྷག་གིས་ཉུང་མཐར་ཡང་འགོག་ཁབ་ཐེངས་གཅིག་རེ་བརྒྱབ་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།