ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱི་དཔོན་རིགས་ཀྱིས་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱིས་ཕཱ་ཁི་སི་ཐན་གྱི་བཟོ་ལས་འཕེལ་རྒྱས་ཐད་སྒུལ་ཤུགས་འདོན་སྤྲོད་བྱེད་ཐུབ་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་ཙུང་ལིའི་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ལས་དོན་གྱི་དམིགས་བསལ་ལས་རོགས་པ་མན་སུའུ་ཨར་གྱིས་ཚེས་དགུ་ཉིན་རྒྱལ་ས་དབྱི་སི་ལན་པའོ་ནས་བསྟན་དོན། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་རྣམ་གྲངས་བདེ་བླག་ངང་ལག་བསྟར་བྱས་པ་ལས་ཕཱ་ཁི་སི་ཐན་གྱི་ནུས་ཁུངས་མཁོ་འདོན་དང་རྨང་གཞིའི་སྒྲིག་ཆས་ཀྱི་གནས་ཚུལ་ལེགས་བཅོས་ཆེན་པོ་བྱས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་བར་ཁྱམས་སྒྲོམ་གཞིའི་འོག་གི་ཐོན་ལས་མཉམ་ལས་དེས་ཕཱ་ཁི་སི་ཐན་གྱི་བཟོ་ལས་འཕེལ་རྒྱས་ཐད་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད་ཟེར། 

མན་སུའུ་ཨར་གྱིས་ཉིན་དེར་ཕཱ་ཁི་སི་ཐན་གྱི་རིག་མཛོད་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྲིད་ཇུས་ཞིབ་འཇུག་ཁང་གིས་སྤེལ་བའི་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཞིབ་བསྡུར་ཚོགས་འདུའི་སྟེང་བཤད་རྒྱུར། ཕཱ་ཁི་སི་ཐན་ལ་སྔོན་ཆད་གློག་ཤུགས་མི་འདང་བར་ཉིན་རེ་བཞིན་དུས་ཚོད་བཅུའི་ཡན་ལ་གློག་ཆད་པའི་གནས་ཚུལ་ཚབས་ཆེན་བྱུང་ནས་མང་ཚོགས་ཀྱི་འཚོ་བ་དང་བཟོ་ལས་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཕཱ་ཁི་སི་ཐན་དང་ཀྲུང་གོའི་དཔལ་འབྱོར་བར་ཁྱམས་ཀྱི་ནུས་ཁུངས་རྣམ་གྲངས་མང་བོ་ལག་བསྟར་བྱས་པ་ལས་ཕཱ་ཁི་སི་ཐན་ལ་ཡིད་རྟོན་རུང་ལ་རིན་གོང་དམའ་བའི་གློག་ནུས་འདང་ཚིམས་པ་འདོན་སྤྲོད་བྱས་ཡོད་ཟེར། 

མན་སུའུ་ཨར་གྱིས་བཤད་རྒྱུར། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ནི་ཕཱ་ཁི་སི་ཐན་དང་ཀྲུང་གོའི་གཉིས་ཕན་མཉམ་རྒྱལ་གྱི་མཚོན་རྟགས་ཤིག་ཡིན་ཞིང་། ཕཱ་ཁི་སི་ཐན་སྲིད་གཞུང་གིས་བར་ཁྱམས་ཀྱི་རྣམ་གྲངས་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། སྡེ་ཁག་བརྒལ་བའི་མཐུན་སྦྱོར་རྐྱེན་སྲོལ་མང་བོས་རྣམ་གྲངས་དག་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་བྱས་ཡོད། བར་ཁྱམས་དེ་ལས་མ་འོངས་པར་སྔར་ལས་ལྷག་པའི་གྲུབ་འབྲས་འབྱུང་སྲིད་ལ། རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།