ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཡོ་ནན་གྱི་འགོ་ཁྲིད་པས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་རྒྱལ་ས་མའོ་སི་ཁི་ནས་འཚམས་འདྲིར་ཡོང་བའི་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཁྲུན་ཧྥུའུ་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་གྲོས་མོལ་དང་དཔལ་འབྱོར་ཉོ་ཚོང་། དམག་དོན་ལག་རྩལ། ཚན་རྩལ། མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲོས་བསྡུར་བྱས་པར་མ་ཟད། ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཡོད་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཡོ་ནན་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྤྱིའི་གནད་དོན་མང་བོའི་ཐད་ཀྱི་ལངས་ཕྱོགས་གཅིག་མཚུངས་ཡིན། མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱི་དང་ས་ཁོངས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་བྱ་བ་སྤེལ་རྒྱུ་ཡིན། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཀྱང་། རྒྱལ་ཁབ་གཉིས་ཀྱི་ན་ནིང་གི་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་དེ་སྔར་བཞིན་བརྒྱ་ཆའི་བཅོ་ལྔའི་ཡན་འཕར་སྣོན་བྱུང་ཡོད་ལ། ད་ལོའི་སྔོན་གྱི་ཟླ་ངོ་དགུའི་རིང་གི་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་དེ་བརྒྱ་ཆའི་བཅུ་དྲུག་ཡན་འཕར་ཡོད་ཟེར། 

རོན་ཁྲོན་ཧྥུའུ་ཡིས་བསྟན་དོན། ཡོ་ནན་གྱིས་ཐོག་མཐའ་བར་གསུམ་དུ་ཨུ་རུ་སི་དེ་ཕྱི་འབྲེལ་སྲིད་ཇུས་ཀྱི་ཐོག་མའི་ཁ་ཕྱོགས་སུ་བཟུང་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འབད་འབུངས་བྱེད་བཞིན་ཡོད་ལ། ཧུར་ཐག་སྒོས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར། 

ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གསལ་སྒྲོག་ཅིག་སྤེལ་ཏེ། ཉིས་སྟོང་སུམ་ཅུ་ལོའི་སྔོན་ལ་ཨུ་རུ་སི་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་བྱེད་ཕྱོགས་གཏན་འཁེལ་གསལ་བོ་བྱས། གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་ནི་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་དུས་ཡུན་རིང་བོའི་ཁེ་ཕན་དང་འཚམ་པ་ཡིན་ཟེར། ཕྱོགས་གཉིས་ཀྱིས་དམག་དོན་ལག་རྩལ་དང་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་པ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྨང་གཞིའི་སྟེང་རྒྱལ་སྲུང་བདེ་འཇགས་དང་དམག་དོན་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་ད་རུང་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ཇེ་ཟབ་ཏུ་གཏོང་བའི་འདོད་བློ་བཏོན་ཡོད་པ་དང་། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་གྲོགས་པོའི་འབྲེལ་བ་སོགས་ས་ཁོངས་བར་གྱི་གཅིག་འབྲེལ་གཅིག་བརྟེན་གྱི་འདོད་བློ་དངོས་འབེབས་བྱས་ཏེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་། ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་བར་གྱི་དཔལ་འབྱོར་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།