ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་གསུམ་པའི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་སྒྱུ་རྩལ་མཉམ་ལས་གླེང་སྟེགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེར་ཝེ་ཡཱའི་རིག་གནས་དང་བརྡ་འཕྲིན་པུའུ། ཀྲུང་གོའི་རིག་གནས་དང་གནས་སྐོར་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི་སྐབས་གསུམ་པའི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་སྒྱུ་རྩལ་མཉམ་ལས་གླེང་སྟེགས་དེ་ཚེས་ཉེར་ལྔ་ཉིན་བརྙན་རིས་སྐུད་འབྲེལ་གྱི་རྣམ་པས་སྤེལ་མགོ་བརྩམས། 

ཚོགས་ཡུན་ཉིན་གཉིས་ཡིན་པའི་སྐབས་གསུམ་པའི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་སྒྱུ་རྩལ་མཉམ་ལས་གླེང་སྟེགས་ཀྱིས་ང་ཚོ་མ་འོངས་པར་གནས་ཡོད་ཅེས་པ་བརྗོད་སྙིང་དུ་བཟུང་སྟེ། མིག་དབང་སྒྱུ་རྩལ་དང་གློག་བརྙན་སྒྱུ་རྩལ། འགུལ་རིས། གློག་རྡུལ་རོལ་རྩེད་སྒྱུ་རྩལ་བཅས་ཡན་ལག་གླེང་སྟེགས་བཞི་བཀོད་སྒྲིག་བྱས་ཡོད་ལ། རྒྱལ་ཁབ་བཅུ་བདུན་ནས་ཡོང་བའི་ཆེད་མཁས་པ་དང་སྒྱུ་རྩལ་པས་རིག་གནས་བརྗེ་རེས་ལ་ཇི་ལྟར་སྐུལ་འདེད་གཏོང་བའི་ཐད་གྲོས་བསྡུར་བྱེད་རྒྱུ་རེད། 

སེར་ཝེ་ཡཱའི་ཙུང་ལི་གཞོན་པ་དང་རིག་གནས་དང་བརྡ་འཕྲིན་པུའུ་ཡི་པུའུ་ཀྲང་ཀི་དབྱེ་ཁི་ཝེ་ཆི་དང་། ཀྲུང་གོའི་རིག་གནས་དང་གནས་སྐོར་པུའུ་ཡི་པུའུ་ཀྲང་ཧུའུ་ཧི་ཕེང་གཉིས་ཀྱིས་མགོ་རྩོམ་པའི་མཛད་སྒོའི་སྟེང་སོ་སོར་ཞུ་ཚིག་ཕུལ། ཀི་དབྱེ་ཁི་ཝེ་ཆི་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། དེང་སྐབས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་འོག རྒྱལ་ཁབ་སོ་སོས་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་བྱེད་པའི་གལ་ཆེན་རང་བཞིན་ལ་སྔར་ལས་ངེས་ཤེས་གསལ་བོ་རྙེད་དགོས་ལ། སེར་ཝེ་ཡཱ་མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་འོག་གི་བརྗེ་རེས་ནང་ཞུགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རིག་གནས་དང་སྒྱུ་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་པ་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།