ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་སྲིད་གཞུང་གིས་སྐོར་ཐེངས་གསར་པའི་དཔལ་འབྱོར་ཡར་སྐུལ་འཆར་གཞི་འདོན་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་སྲིད་གཞུང་གིས་ཚེས་བཅུ་དགུ་ཉིན་སྤྱིའི་འབོར་གྲངས་འཇར་པན་གྱི་སྒོར་མོ་ཁྲག་ཁྲིག་ཆེན་མོ་བདུན་དང་ཁྲག་ཁྲིག་བརྒྱད་དུང་ཕྱུར་དགུར་བསླེབས་པའི་སྐོར་ཐེངས་གསར་པའི་དཔལ་འབྱོར་ཡར་སྐུལ་འཆར་གཞི་ཞིག་འདོན་རྒྱུའི་ཐག་བཅད། 

ཉིན་དེར་སྤེལ་བའི་སྲིད་གཞུང་གི་ཡིག་ཆ་ལྟར་ན། སྐོར་ཐེངས་གསར་པའི་དཔལ་འབྱོར་ཡར་སྐུལ་འཆར་གཞིའི་ཁྲོད་ནོར་སྲིད་འགྲོ་སོང་འཇར་པན་གྱི་སྒོར་མོ་ཁྲག་ཁྲིག་ཆེན་མོ་ལྔ་དང་ཁྲག་ཁྲིག་ལྔ་དུང་ཕྱུར་བདུན་ཡིན་པ་དང་། སྔོན་ཆད་ཀྱི་ནོར་སྲིད་ཡར་སྐུལ་འཆར་གཞིའི་ནོར་སྲིད་འགྲོ་སོང་གི་ཆེས་མཐོ་བའི་ཚད་དུ་བསླེབས་ཡོད་ལ། དེའི་འཕྲོ་མ་ནི་དམངས་ཁྲོད་ཀྱི་མ་རྩ་རེད། 

འཇར་པན་སྲིད་གཞུང་གིས་མྱུར་མོར་འཆར་གཞི་དེ་ཉིས་སྟོང་ཉེར་གཅིག་ལོའི་ནོར་སྲིད་སྔོན་རྩིས་ཀྱི་ཁ་གསབ་ནང་དུ་བཞག་སྟེ་རྒྱལ་ཚོགས་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་རེད། 

འཆར་གཞི་དེའི་བྱེ་བྲག་གི་བྱེད་ཐབས་ལ་ནར་སོན་མེད་པའི་མི་དང་འཚོ་བར་དཀའ་ཁག་ཆེ་བའི་ཁྱིམ་ཚང་། ཚོང་གཉེར་ལ་དཀའ་ཁག་ཡོད་པའི་ཁེ་ལས་བཅས་ལ་རོགས་སྐྱོར་བྱེད་རྒྱུ་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དང་འབྲེལ་ཡོད་སྨན་རྫས་ཞིབ་འཇུག་གསར་སྤེལ་བྱེད་པའི་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པ། སློབ་ཆེན་གྱི་ཐེབས་རྩ་འཛུགས་པ། གནོད་འཚེ་ཐག་གཅོད་བྱེད་པའི་སྤྱི་བའི་སྒྲིག་ཆས་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་བ་སོགས་འདུ། 

འཇར་པན་གྱི་སྐབས་གསར་པའི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་བཏོན་པའི་འཕར་སྣོན་དང་བགོ་བཤའི་འཁོར་བསྐྱོད་བཟང་པོ་དེ་མངོན་འགྱུར་བྱེད་ཆེད། འཆར་གཞི་དེ་ལས་གལ་ཏེ་ཁེ་ལས་དག་གིས་སྲིད་གཞུང་གི་ཁ་གསབ་རེ་ཞུ་བྱེད་སྐབས་ཟླ་ཕོགས་ཁ་སྣོན་འཆར་གཞི་སྤྲད་ན་སྔོན་ལ་ཆོག་མཆན་ཐོབ་སྲིད་པར་གཏན་འཁེལ་བྱས་ཡོད། 

ས་དེའི་གསར་འགྱུར་སྨྱན་བྱད་དང་དཔལ་འབྱོར་རིག་པ་བས་ཡོངས་ཁྱབ་ཏུ་བལྟས་ན། སྐོར་ཐེངས་འདིའི་དཔལ་འབྱོར་ཡར་སྐུལ་འཆར་གཞིར་ནོར་སྲིད་ཀྱི་འགྲོ་སོང་འབོར་ཆེན་བཏང་ཡོད་ཀྱང་། དུས་ཡུན་རིང་འབྲིང་གི་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་མེད་པར་འདོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།