ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་ཚབ་མས་ཨ་མེ་རི་ཁས་ཨ་ཧྥུའུ་ཧན་གྱི་རྒྱུ་ནོར་བཀག་སྡོམ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་ཚབ་མ་མུའུ་ཐཱ་ཅི་ཡིས་ཚེས་བཅུ་བདུན་ཉིན་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་ཡོངས་བསྒྲགས་འཕྲིན་ཡིག་ནང་དུ། ཨ་མེ་རི་ཁའི་སྲིད་གཞུང་གིས་ཨ་ཧྥུའུ་ཧན་གྱི་རྒྱུ་ནོར་བཀག་སྡོམ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་། 

མུའུ་ཐཱ་ཅི་ཡིས་བསྟན་དོན། ཐཱ་ལེ་པན་དང་ཨ་མེ་རི་ཁས་ཉིས་སྟོང་ཉི་ཤུ་ལོའི་ཟླ་གཉིས་པར་ཏའོ་ཧཱ་ནས་ཞི་བདེའི་གྲོས་མཐུན་བཀོད་པའི་ཚུན་ལ། ཕྱོགས་གཉིས་བར་ཐད་ཀར་འཁྲུག་རྩོད་བྱུང་མེད་པ་དང་། དམག་དོན་འགལ་ཟླའི་རྣམ་པར་ཡང་གནས་མེད་པས། ཨ་མེ་རི་ཁས་ཨ་ཧྥུའུ་ཧན་གྱི་རྒྱུ་ནོར་སྔར་བཞིན་བཀག་ཉར་བྱེད་པར་རྒྱུ་མཚན་མེད་པས། ཨ་ཧྥུའུ་ཧན་གྱི་རྒྱུ་ནོར་བཀག་སྡོམ་མེད་པར་བཏང་ནས་ཨ་ཧྥུའུ་ཧན་དུ་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར། 

མུའུ་ཐཱ་ཅི་ཡིས་བསྟན་དོན། ཕྱོགས་གཉིས་ཀྱིས་འདས་སོང་གི་ཡིད་སྐྱོ་བའི་བརྒྱུད་རིམ་ཁྲོད་ནས་བསླབ་བྱ་བསྡུ་ལེན་བྱེད་པ་དང་། གོ་སྐབས་དམ་འཛིན་བྱས་ཏེ་འབྲེལ་བ་ལེགས་བཅོས་བྱེད་དགོས། ཨ་ཧྥུའ་ཧན་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་ནས་གནོན་ཤུགས་སྟེར་བ་དེ་ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པར་ཕན་ཐོགས་ཅི་ཡང་མེད་ཟེར། 

ཐཱ་ལེ་པན་གྱིས་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ཚོད་འཛིན་བྱས་པའི་ཚུན་ལ། ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་གནས་བབ་ཇེ་སྡུག་ཏུ་སོང་བ་དང་ལས་ཤོར་གྱི་ཚད་ཇེ་མཐོར་འགྲོ་བཞིན་ཡོད། ས་དེའི་གླེང་ཕྱོགས་ཀྱིས་བལྟས་ན། ཨ་མེ་རི་ཁས་ཨ་ཧྥུའུ་ཧན་གྱི་རྒྱུ་ནོར་བཀག་སྡོམ་བྱས་པ་ནི་ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་གནས་བབ་ཇེ་སྡུག་ཏུ་སོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པར་འདོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།