ཀྲུང་གོ་བོད་ཀྱི་དྲ་བ།

པུར་ཀ་རི་ཡཱ་ཡིས་ཙུང་ཐུང་འདེམ་བསྐོ་དང་ད་ལོའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཐེངས་གསུམ་པ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པུར་ཀ་རི་ཡཱ་ཡིས་ཚེས་བཅུ་བཞིའི་ཉིན་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་དང་ད་ལོའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཐེངས་གསུམ་པ་དུས་མཉམ་དུ་སྤེལ། ད་ལྟའི་ཙུང་ཐུང་ལཱ་ཏི་ཧྥུའུ་དང་བཅས་པའི་འདེམ་སྒུག་མི་སྣ་ཉེར་གསུམ་ཙུང་ཐུང་གི་འགྲན་རྩོད་ལ་ཞུགས་པ་དང་། སྲིད་ཏང་དང་སྲིད་ཏང་མནའ་འབྲེལ་ཉེར་བདུན་གྲོས་ཁང་གི་འདེམ་བསྐོའི་འགྲན་རྩོད་ལ་ཞུགས་ཡོད། 

འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་སྔ་དྲོའི་དུས་ཚོད་བདུན་ནས་མགོ་བརྩམས་པ་དང་། དགོང་མོའི་དུས་ཚོད་བརྒྱད་སྟེང་མཇུག་སྒྲིལ། ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་དེ་ཚོད་དཔག་བྱས་ན་ཚེས་བཅུ་དྲུག་ཉིན་གྱི་སྔོན་ལ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་དང་། གྲོས་ཁང་གི་འདེམ་བསྐོའི་མཇུག་འབྲས་དེ་ཚོད་དཔག་བྱས་ན་ཚེས་བཅོ་བརྒྱད་ཉིན་གྱི་སྔོན་ལ་ཁྱབ་སྒྲོག་བྱེད་རྒྱུ་རེད། ལས་ཁུངས་མང་བོས་དམངས་ཀྱི་འདོད་བློར་རྟོག་ཞིབ་བྱེད་པའི་མཇུག་འབྲས་ལྟར་ན། ལཱ་ཏི་ཧྥུའུ་ཡི་རྒྱབ་སྐྱོར་གྱི་ཚད་བརྒྱ་ཆའི་ཞེ་ལྔ་ཡས་མས་ཡིན་པ་དང་། འདེམ་སྒུག་པ་གཞན་ལས་ལྡབ་འགྱུར་གྱིས་ལྷག་པ་རེད། གྲོས་ཁང་གི་འདེམ་བསྐོའི་ཐད་ནས་སྔོན་ཆད་ཀྱི་སྲིད་འཛིན་ཏང་པུར་ཀ་རི་ཡཱའི་སྤྱི་དམངས་ཏང་གི་རྒྱབ་སྐྱོར་གྱི་ཚད་བརྒྱ་ཆའི་ཉེར་བཞི་ཡིན་པ་དང་། རྒྱབ་སྐྱོར་ཐོབ་ཚད་ཆེས་མང་བོ་རེད། 

པུར་ཀ་རི་ཡཱའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་དེ་འདེམ་དམངས་ཀྱིས་ཐད་ཀར་བདམས་དགོས་པ་དང་། འགན་ཡུན་ལོ་ལྔ་ཡིན་ལ། བསྟུད་འགན་ཐེངས་གཅིག་ཁུར་ཆོག ཙུང་ཐུང་གི་འདེམ་སྒུག་མི་སྣར་ཕྱེད་གྲངས་ལས་བརྒལ་བའི་འདེམ་ཤོག་ཐོབ་དགོས་པ་དང་། འདེམ་ཤོག་ཕངས་ཚད་བརྒྱ་ཆའི་ལྔ་བཅུ་ལས་མཐོ་ན་ད་གཟོད་གདམ་ཆོག་པ་ཡིན། གལ་ཏེ་འདེམ་སྒུག་མི་སྣ་གང་རུང་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་སྐབས་ཕྱེད་གྲངས་ཡན་བརྒལ་བའི་འདེམ་ཤོག་ཐོབ་མེད་པའམ་ཡང་ན་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་ལྔ་བཅུ་ལས་དམའ་ཚེ། སྐོར་ཐེངས་གཉིས་པར་འདེམ་ཤོག་འཕེན་རྒྱུ་རེད། པུར་ཀ་རི་ཡཱའི་གྲོས་ཁང་གླིང་གཅིག་ལམ་ལུགས་ལག་བསྟར་བྱེད་པ་དང་། ལོ་བཞིའི་ནང་འདེམ་བསྐོ་ཐེངས་རེ་བྱེད་པ་ཡིན་ལ། བརྒྱ་ཆའི་བཞི་ལས་བརྒལ་བའི་འདེམ་ཤོག་ཐོབ་མཁན་གྱི་སྲིད་ཏང་དང་སྲིད་ཏང་མནའ་འབྲེལ་གྲོས་ཁང་དུ་ཞུགས་ཆོག གྲོས་ཁང་གི་ཕྱེད་གྲངས་ཡན་གྱི་ལས་གནས་ཐོབ་པའི་སྲིད་ཏང་གིས་ཁེར་རྐྱང་དུ་ནེ་ཀི་རྩ་འཛུགས་བྱས་ཆོག་པ་རེད། 

ལཱ་ཏི་ཧྥུའུ་ནི་གཅིག་སྟོང་དགུ་བརྒྱ་རེ་གསུམ་ལོར་སྐྱེས་པ་དང་། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཅིག་པར་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས། ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོར་པུར་ཀ་རི་ཡཱའི་ཙུང་ཐུང་གི་འགན་ཁུར་བ་རེད། ཁོའི་འགན་ཡུན་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོར་མཇུག་སྒྲིལ་བ་རེད། 

པུར་ཀ་རི་ཡཱ་ཡིས་ད་ལོའི་ཟླ་བཞི་བ་དང་ཟླ་བདུན་པར་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་ཐེངས་གཉིས་སྤེལ་ཡང་། བདམས་ཐོན་བྱུང་བའི་ནེ་ཀིའི་རྩ་འཛུགས་དབང་ཆ་ཡོད་པའི་སྲིད་ཏང་དང་སྲིད་ཏང་མནའ་འབྲེལ་ཚང་མས་ནེ་ཀི་རྩ་འཛུགས་བྱེད་མ་ཐུབ་པ་རེད། ལཱ་ཏི་ཧྥུའུ་ཡིས་རྩ་ཁྲིམས་ལྟར་སོ་སོར་ཟླ་ལྔ་བ་དང་ཟླ་དགུ་བར་བདམས་ཐོན་བྱུང་མ་ཐག་པའི་གྲོས་ཁང་གཏོར་རྒྱུ་ཁྱབ་བསྒྲགས་བྱས་པར་མ་ཟད། ཐེངས་གཉིས་ལ་ལྟ་སྐྱོང་ནེ་ཀིའི་ཙུང་ལི་བསྐོ་འཇོག་བྱས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།