ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཡིས་བར་བརྒལ་བདག་དབང་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཨར་ཧན་གྱིས་ཚེས་བཅུ་གཅིག་ཉིན་རྩ་ཁྲིམས་ཀྱི་བཅའ་ཁྲིམས་བཀའ་རྒྱ་བཏང་སྟེ། བར་བརྒལ་བདག་དབང་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཡིན་པ་དང་། ཁོ་རང་ཉིད་ཀྱིས་ཨུ་ཡོན་ལྷན་ཁང་དེའི་ཀྲུའུ་ཞིའི་འགན་ཁུར་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། 

སུའུ་ཏན་དཔོན་ཕྱོགས་ཀྱི་བརྙན་འཕྲིན་ཁང་གིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། གསར་དུ་བཙུགས་པའི་བར་བརྒལ་བདག་དབང་ཨུ་ཡོན་ལྷན་ཁང་དུ་མོ་ཧན་མོ་ཏི་ཧ་མི་དན་ཏཱ་ཁི་ལུའུ་ཡིས་ཀྲུའུ་ཞི་གཞོན་པའི་འགན་ཁུར་ཡོད་པ་དང་། ཨུ་ཡོན་ལྷན་ཁང་དེའི་ཁོངས་མི་ནི་དམག་ཕྱོགས་དང་དྲག་ཆས་ཕྱོགས་ཁག མི་སེར་དཀྱུས་མ་བཅས་ནས་ཡོང་བའི་འཐུས་མི་བཅུ་གཅིག་གིས་གྲུབ་ཡོད། འབྲེལ་ཡོད་ཀྱི་གྲོས་མོལ་ད་རུང་ཡོངས་འགྲུབ་བྱས་མེད་པས། ཨུ་ཡོན་ལྷན་ཁང་དེའི་ནང་གི་སུའུ་ཏན་ཤར་ཕྱོགས་ས་ཁུལ་གྱི་འཐུས་མི་རྗེས་ནས་བསྐོ་འཇོག་བྱེད་རྒྱུ་རེད་ཟེར། 

སུའུ་ཏན་གྱི་ངོ་རྒོལ་ཕྱོགས་ཁག་གཙོ་བོ་རང་དབང་དང་བཅོས་སྒྱུར་མནའ་འབྲེལ་གྱི་ཁོངས་མི་གཙོ་བོས་སུའུ་ཏན་ལས་རིགས་མི་སྣའི་མཐུན་ཚོགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། བར་བརྒལ་བདག་དབང་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོང་དང་ལེན་བྱེད་མི་སྲིད་པ་ཁྱབ་སྒྲོག་བྱས་པ་དང་། ཞི་བདེའི་ཐབས་ལ་བརྟེན་ནས་ངོ་རྒོལ་བྱེད་རྒྱུའི་ཚུལ་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།