ཀྲུང་གོ་བོད་ཀྱི་དྲ་བ།

སཱ་ཨར་ཝ་ཏའོ་ཡི་ཞིང་ལས་པུའུ་ཀྲང་གིས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སཱ་ཨར་ཝ་ཏའོ་ཡི་ཞིང་ལས་པུའུ་ཀྲང་མཱ་ཏེན་ནེ་སི་ཡིས་ཉེ་སྔོན་རྒྱལ་ས་ཧྲིན་སཱ་ཨར་ཝ་ཏའོ་ནས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། སཱ་ཨར་ཝ་ཏའོ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། སཱ་ཨར་ཝ་ཏའོ་ཡི་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

མཱ་ཏེན་ནེ་སི་ཡིས་བསྟན་དོན། སཱ་ཨར་ཝ་ཏའོ་ཕྱོགས་ཀྱིས་ཀྲུང་གོའི་ཞིང་ཞོར་ཐོན་རྫས་ཚོང་རའི་དགོས་མཁོར་ཆེད་དུ་དམིགས་ཤིང་། ཀྲུང་གོའི་ཚ་ཁུལ་ཞིང་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་བཟུང་སྟེ། ཞིང་ལས་ཀྱི་ལས་ཐོན་སླར་གསོ་བྱེད་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཟེར། 

ཁོས་བསྟན་དོན། ཀྲུང་གོའི་ཚོང་ར་རྒྱ་ཆེ་བ་དང་འཛད་སྤྱོད་པའི་རེ་བ་སྣ་མང་ཡིན་པས། སཱ་ཨར་ཝ་ཏའོ་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་ཞིང་ལས་ཉོ་ཚོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། སཱ་ཨར་ཝ་ཏའོ་ཕྱོགས་ཀྱིས་ཀྲུང་གོའི་འཚིག་ཇའི་དབྱེ་བ་གསལ་བོར་འབྱེད་པའི་ཚོང་རར་དམིགས་ཡོད་པ་དང་། ཕག་ཤ་དང་སྦྲང་རྩི། བྱ་ཤ་སོགས་ཞིང་ཞོར་ཐོན་རྫས་བཅས་ཀྲུང་གོར་ཕྱིར་གཏོང་བྱེད་པའི་བྱ་བར་ཞིབ་འཇུག་བྱེད་བཞིན་ཡོད་ཟེར། 

ཁོས་ད་རུང་བསྟན་དོན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་ཡིས་རྒྱལ་ཁབ་སོ་སོའི་ཞིང་ཞོར་ཐོན་རྫས་ལ་འགྲེམ་སྟོན་གྱི་གོ་སྐབས་འདོན་སྤྲོད་བྱས་ཡོད་པ་དང་། ཀྲུང་གོའི་འཛད་སྤྱོད་པའི་གནས་བབ་ལ་ལྟ་ཞིབ་བྱེད་པའི་གོ་སྐབས་བཟང་བོ་ཞིག་ཡིན་ཟེར། 

མཱ་ཏེན་ནེ་སི་ཡིས་བཤད་རྒྱུར། སཱ་ཨར་ཝ་ཏའོ་ཡིས་ཀྲུང་གོའི་བར་མཉམ་ལས་བྱས་ཏེ་ལྷད་མེད་ཞིང་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། ཁོས་ད་རུང་བཤད་རྒྱུར། སཱ་ཨར་ཝ་ཏའོ་ཕྱོགས་ཀྱིས་ཧེ་ནན་སོགས་ཀྲུང་གོའི་ཚ་ཁུལ་གྱི་ཞིང་ལས་འཕེལ་རྒྱས་ཉམས་མྱོང་དཔྱད་གཞིར་བཟུང་སྟེ། ཚ་ཁུལ་གྱི་ལོ་ཏོག་འདེབས་འཛུགས་ལག་རྩལ་ལ་རྒྱུས་ལོན་བྱས་ནས། ཀྲུང་གོའི་འཕེལ་རྒྱས་ཀྱི་གནད་འཁེལ་ཞིང་ལས་ལ་སློབ་སྦྱོང་བྱེད་རྒྱུ་ཡིན་ཟེར། 

སཱ་ཨར་ཝ་ཏའོ་རྒྱལ་ཁབ་དེ་མེ་གླིང་དབུས་མའི་ཚ་ཁུལ་དུ་གནས་པ་དང་། འཚིག་ཇ་དང་མངར་ཤིང་སོགས་སྤུས་ལེགས་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་བྱེད་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།