ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་ཚབ་མས་རྒྱལ་ཁབ་སོ་སོའི་བར་འཛུགས་སྐྲུན་རང་བཞིན་གྱི་མཉམ་ལས་སྤེལ་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེནཚབ་མ་མུའུ་ཐཱ་ཅི་ཡིས་ཚེས་བཅུ་གཉིས་ཉིན་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གིས་རྒྱལ་ཁབ་སོ་སོའི་བར་འཛུགས་སྐྲུན་རང་བཞིན་ལྡན་པའི་མཉམ་ལས་བྱེད་པ་དང་། ཨ་ཧྥུའུ་ཧན་གྱི་བཀག་སྡོམ་གང་ནུས་ཀྱིས་མྱུར་མོར་མཇུག་སྒྲིལ་དུ་འཇུག་རྒྱུའི་རེ་བ་ཡོད་ཟེར། 

མུའུ་ཐཱ་ཅི་ཡིས་ཉིན་དེར་ཏའོ་ཧཱ་ནས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་མིར་གྲོས་མོལ་བྱས། གྲོས་མོལ་མཇུག་སྒྲིལ་རྗེས་ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཨར་ཞེ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། མུའུ་ཐཱ་ཅི་ཡིས་མཉམ་ལས་ལ་ཤུགས་སྣོན་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་ཉམས་ཞན་དུ་བཏང་ན་ཕྱོགས་གང་གི་ཁེ་ཕན་ལའང་མི་འཚམ་པས་རེད་ཟེར། མུའུ་ཐཱ་ཅི་ཡིས་ད་རུང་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཨ་ཧྥུའུ་ཧན་གྱི་བཀག་སྡོམ་མེད་པར་གཏོང་དགོས་པ་དང་། དངུལ་ཁང་གི་རྒྱུན་ལྡན་འཁོར་སྐྱོད་ལ་ཆོག་མཆན་འགོད་དགོས་ལ། སྙིང་རྗེ་ཚོགས་པ་དང་རྩ་འཛུགས། སྲིད་གཞུང་བཅས་ཀྱིས་གསོག་དངུལ་དང་རྒྱལ་སྤྱིའི་དངུལ་ལོར་རོགས་སྐྱོར་བེད་སྤྱད་དེ་ལས་བཟོ་བའི་ཟླ་ཕོགས་རྩིས་སྤྲོད་བྱེད་དུ་འཇུག་དགོས་ཟེར། 

གསལ་སྒྲོག་ལས་བསྟན་དོན། གྲོས་ཚོགས་ལ་ཞུགས་པའི་འཐུས་མིས་བལྟས་ན་གཏན་འཇགས་མིན་པའི་ཨ་ཧྥུའུ་ཧན་དེ་མི་གང་རུང་གི་ཁེ་ཕན་དང་མི་འཚམ་པར་འདོད་པ་དང་། ཁོ་ཚོས་ཕྱིན་ཆད་མུ་མཐུད་དུ་རིགས་དེ་མཚུངས་ཀྱི་གྲོས་མོལ་བྱེད་རྒྱུའི་རེ་བ་བཏོན། 

གཞན་ཡང་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་ལའེ་སི་ཡིས་ཚེས་བཅུ་གཉིས་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཉིན་དེར་ཏའོ་ཧཱ་ནས་ཐཱ་ལེ་པན་ཕྱོགས་དང་མཉམ་དུ་གྲོས་མོལ་བྱེད་པའི་ནང་དོན་འཇིགས་སྐུལ་ངོ་རྒོལ་དང་འགྲོ་མིའི་ཐོབ་ཐང་། བཟོད་སྒོམ་རང་བཞིན་གྱི་བཅོས་སྐྱོང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བཅས་ལ་འབྲེལ་བ་ཡོད་པ་དང་། ཨ་མེ་རི་ཁ་དང་དེའི་མནའ་མཐུན་གྲོགས་པོ་དང་ཐཱ་ལེ་པན་བཅས་ཀྱིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གནད་དོན་ཐད་ནས་ཉུང་མཐར་ཡང་ཚད་ངེས་ཅན་ཡོད་པའི་ཐུན་མོང་གི་ལྟ་ཚུལ་བཀོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།