ཀྲུང་གོ་བོད་ཀྱི་དྲ་བ།

ཏན་མག་གི་ཁོར་ཡུག་ལས་དོན་བློན་ཆེན་གྱིས་ཀྲུང་གོའི་བར་གྱི་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཏན་མག་གི་ཁོར་ཡུག་ལས་དོན་བློན་ཆེན་ཝེ་ཨར་མཱེ་ལིན་གྱིས་ཉེ་སྔོན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། མིག་སྔར་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་ཁྱབ་ཁོངས་སུ་འགྲན་རྩོད་སྣ་ཚོགས་ལ་འཕྲད་ཡོད་པ་དང་། རྒྱལ་སྤྱིའི་མཉམ་ལས་ཇེ་དྲག་ཏུ་བཏང་སྟེ་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པར་དགོས་གལ་ཧ་ཅང་ཆེ། ཏན་མག་གིས་ཀྲུང་གོ་དང་བཅས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་བར་མཉམ་ལས་བྱེད་པ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཉམས་པ་སྔོན་འགོག་བྱེད་པའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ཏེ། སྔར་ལས་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ང་ཚོའི་རྗེས་རབས་པར་བསྐྱུར་བར་འགན་སྲུང་བྱེད་དགོས་ཟེར། 

ཝེ་ཨར་མཱེ་ལིན་གྱིས་བཤད་རྒྱུར། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཉམས་པར་སྔོན་འགོག་བྱེད་ཆེད། རྒྱལ་ཁབ་སོ་སོས་ངེས་པར་དུ་ཕན་ཚུན་སློབ་སྦྱོང་དང་ལག་ལེན་ཉམས་མྱོང་མཉམ་སྤྱོད་བྱེད་དགོས། ང་ཚོ་རང་བྱུང་ཉམས་ཉེན་ཁྲོད་དུ་གནས་པ་དང་། སྲོག་ཆགས་དང་སྐྱེ་དངོས་རྒྱུད་ཆད་པའི་མྱུར་ཚད་སྔ་ན་མེད་པ་ཞིག་རེད། རང་བྱུང་ལ་སྲུང་སྐྱོབ་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཡིན། ད་ལྟ་མཐུན་སྒྲིལ་དང་མནའ་འབྲེལ་ལ་ཤུགས་སྣོན་བྱས་ཏེ། བློ་སྤོབས་ཆེ་བའི་གྲོས་མཐུན་ཞིག་འགོད་པར་འཚོལ་བྱེད་པའི་དུས་ལ་བབས་ཡོད་ཟེར། 

ཝེ་ཨར་མཱེ་ལིན་གྱིས་བཤད་རྒྱུར། ཏན་མག་སྲིད་གཞུང་གིས་སྐྱེ་དངོས་སྣ་མང་ཅན་གྱི་ཞིབ་འཇུག་མི་སྣ་དང་ས་དེའི་སྡོད་ཁུལ་བར་མཉམ་ལས་བྱས་ཏེ། རང་བྱུང་རྒྱལ་ཁབ་སྤྱི་གླིང་གསར་བ་བཅོ་ལྔ་ལས་ནས་རྨོ་འདེབས་བསྐྱུར་ནས་རི་སྐྱེས་སྲོག་ཆགས་ལ་ས་ཁོངས་འདོན་སྤྲོད་བྱེད་པ་མངོན་འགྱུར་བྱས་ཡོད། དེ་བཞིན་དུ་ང་ཚོས་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པས་བཏོན་པའི་གྲོས་གཞི་ཚང་མར་དགའ་བསུ་བྱེད་བཞིན་ཡོད་པ་དང་། དེ་ལྟར་ཐུན་མོང་གི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་ཟེར། 

ཝེ་ཨར་མཱེ་ལིན་གྱིས་བསྟན་དོན། སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བྱེད་པ་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་ནི་ཕན་ཚུན་དམ་དུ་འབྲེལ་ཡོད་པས། ཏན་མག་གིས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་བཅོ་ལྔ་བ་ནས་བློ་སྤོབས་སྔར་ལས་ཆེ་བའི་གྲོས་མཐུན་ཞིག་འགོད་ཐུབ་པར་རེ་སྒུག་གིས་ཁེངས་ཡོད་ཟེར། 

ཝེ་ཨར་མཱེ་ལིན་གྱིས་བཤད་རྒྱུར། ཏན་མག་གིས་སྐམ་ས་དང་རྒྱ་མཚོའི་སྲུང་སྐྱོབ་ས་ཁུལ་གྱི་ཁེབས་ཚད་བརྒྱ་ཆའི་སུམ་ཅུར་བསླེབས་པའི་འཛམ་གླིང་ཡོངས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་པ་དང་། དེ་ཡང་ཏན་མག་གི་བྱ་བའི་གཙོ་གནད་ཅིག་ཀྱང་ཡིན་ཟེར། ཁོ་མོས་ད་རུང་ནམ་ཟླའི་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་ཉམས་པའི་གནད་དོན་ཐག་གཅོད་བྱེད་པའི་ཐད་རང་བྱུང་ཁམས་དང་འཁོར་སྐྱོད་དཔལ་འབྱོར་རྨང་གཞིར་བྱས་པའི་ཐག་གཅོད་ཇུས་གཞི་ཞིག་སྤྱོད་དགོས་པའི་གྲོས་གཞི་བཏོན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།