ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་དང་དབྱི་སི་རལ་གྱི་མགོ་ཁྲིད་པས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་དུ་འཚམས་འདྲི་བྱེད་བཞིན་པའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅུ་ཉིན་ཡེ་ལུའུ་སཱ་ལེམ་ནས་དབྱི་སི་རལ་གྱི་ཙུང་ལི་པེ་ནེ་ཐི་དང་གྲོས་མོལ་བྱས་ཏེ། འཇར་མན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན། དེ་མིན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ཀྱི་ལངས་ཕྱོགས་ནན་གྱིས་བསྟན། 

མའོ་ཁི་ཨར་གྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པའི་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དེ་གལ་འགངས་ཆེ་བས་གྲོས་མོལ་ཁྲོད་སྣང་མེད་དུ་བསྐྱུར་མི་རུང་ལ། དབྱི་སི་རལ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གྱི་གནད་དོན་ནི་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་མངོན་འགྱུར་བྱེད་པའི་བཀག་རྒྱ་ཆེན་མོ་ཞིག་རེད་ཟེར། 

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གླེང་སྐབས་མའོ་ཁི་ཨར་གྱིས་དབྱི་ལིང་ཡང་བསྐྱར་གྲོས་མོལ་ལ་ཞུགས་ཏེ་རྒྱལ་ཁབ་སོ་སོའི་བར་གྲོས་མཐུན་གསར་བ་འགོད་དགོས་པའི་འབོད་སྐུལ་བཏང་། 

པེ་ནེ་ཐི་ཡིས་མའོ་ཁི་ཨར་གྱིས་དུས་ཡུན་ཐུང་ངུའི་ནང་དབྱི་སི་རལ་བར་མཛའ་མཐུན་འབྲེལ་བ་བཙུགས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། དབྱི་སི་རལ་དང་འཇར་མན་གྱི་འབྲེལ་བ་རྒྱུན་པར་སྲ་བརྟན་ཡིན་པར་མ་ཟད། མའོ་ཁི་ཨར་གྱི་འགན་ཡུན་ནང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་སྟེང་སྔར་མེད་ཀྱི་ཆུ་ཚད་མཐོན་པོར་བསླེབས་ཡོད་ཟེར། 

མའོ་ཁི་ཨར་ཚེས་དགུ་ཉིན་གྱི་དགོང་མོར་དབྱི་སི་རལ་དུ་འབྱོར་ནས་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། ཐེངས་འདིའི་འཚམས་འདྲི་ནི་མའོ་ཁི་ཨར་གྱིས་ལས་འགན་བསྐྱུར་ལ་ཉེ་བའི་སྐབས་སུ་གྱེས་ཕྱག་འབུལ་བའི་ཚུལ་དུ་འཚམས་འདྲི་བྱས་པ་ཡིན་པར་འདོད། ཁོ་མོས་ད་ལོའི་ཟླ་བརྒྱད་པར་དབྱི་སི་རལ་དུ་འཚམས་འདྲི་བྱེད་པར་གཏན་འཁེལ་བྱས་ཡོད་ཀྱང་། ཨ་ཧྥུའུ་ཧན་གྱི་གནས་བབ་ལ་འགྱུར་ལྡོག་བྱུང་བའི་དབང་གིས་རྗེས་སུ་སྣུར་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།