ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་དང་ཕཱ་ལེ་སི་ཐན་གྱི་མགོ་ཁྲིད་པས་ཁ་པར་གྲོས་མོལ་ལ་བརྟེན་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།   རྩོམ་པ་པོ། : བསོད་ནམས་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-10-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་དྲུག་ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པཱ་སི་གཉིས་ཀྱིས་ཉིན་དེར་ཁ་པར་བཏང་སྟེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་གྱི་གནས་ཚུལ་གསར་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། སེ་ཞི་ཡིས་ཁ་པར་གཏོང་སྐབས་བསྟན་དོན། ཨེ་ཅིབ་ཀྱིས་མུ་མཐུད་དུ་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་མངོན་འགྱུར་བྱེད་པ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་སླར་གསོ་བྱེད་པ། ས་ཁུལ་གྱི་གཏན་འཇགས་དང་བདེ་འཇགས་ལ་ཡར་སྐུལ་བྱེད་པ་བཅས་ཀྱི་ཐད་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཟེར། ཨ་པཱ་སི་ཡིས་བསྟན་དོན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་དྲང་བདེན་དང་ཕྱོགས་ཡོངས་ཀྱི་ཐག་གཅོད་ཇུས་གཞི་འགོད་པའི་ཐད་བྱ་བ་མང་དུ་བསྒྲུབས་པར་གཟེངས་བསྟོད་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་མ་འོངས་པའི་དུས་སྐབས་ཤིག་གི་ནང་མུ་མཐུད་དུ་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་ཕྱོགས་གཉིས་ཀྱི་གྲོས་མོལ་དང་མཐུན་སྦྱོར་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། 

ཉིན་དེའི་སྔ་དྲོར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཞིན་ཧྭ་གསར་འགྱུར་ཁང་ལ་བསྐུར་བའི་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཧཱ་མཱ་སིའི་འཐུས་ཚབ་ཚོགས་པས་ཉེ་སྔོན་ཨེ་ཅིབ་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཁཱ་མེད་ལེ་དང་གྲོས་མོལ་བྱས་པ་དང་། གྲོས་མོལ་དེར་སྣང་ཚུལ་བཟང་བོ་བྱུང་ཡོད། ཕྱོགས་གཉིས་ཀྱིས་ཆབ་སྲིད་འཕེལ་རྒྱས་དང་ཕྱོགས་གཉིས་ཀྱི་འབྲེལ་བ། ཕཱ་ལེ་སི་ཐན་གྱི་གཅིག་གྱུར་མངོན་འགྱུར་བྱེད་པ། ཕཱ་ལེ་སི་ཐན་ནང་ཁུལ་གྱི་ལས་དོན་ལ་ཡང་བསྐྱར་བཀོད་སྒྲིག་བྱེད་པའི་འབྲེལ་བའི་གནད་དོན་རབ་དང་རིམ་པ། དེ་མིན་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མངའ་ཁོངས་སུ་སྤྱད་པའི་སྲིད་ཇུས་བྱེད་ཐབས་སོགས་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ད་རུང་དབྱི་སི་རལ་གྱི་བཙོན་ཁང་དུ་བཅུག་ཡོད་པའི་ཕཱ་ལེ་སི་ཐན་གྱི་མིའི་འཚོ་བའི་ཆ་རྐྱེན་གནད་དོན་ཐད་ལ་གྲོས་བསྡུར་བྱས་པ་དང་། ཧཱ་མཱ་སི་ཡིས་ཨེ་ཅིབ་ཀྱིས་བཀག་འཇུག་མི་སྣའི་བརྗེ་སྤོར་གྲོས་མཐུན་འགོད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་དགའ་བསུ་ཞུས། 

ཧཱ་མཱ་སིའི་ཆབ་སྲིད་ཅུའུ་ཡི་མགོ་ཁྲིད་པ་ཧཱ་ནེ་ཡཱ་དང་ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་གྱི་མགོ་ཁྲིད་པ་ཞིན་ཝ་ཨར་གྱིས་ཁྲིད་པའི་འཐུས་ཚབ་ཚོགས་པ་ཚེས་གསུམ་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་འབྱོར་བ་དང་། ཨེ་ཅིབ་ཀྱི་དཔོན་རིགས་དང་གྲོས་མོལ་བྱས་པ་རེད། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།