ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་སི་རི་ཡཱའི་ཡུལ་གྱར་བའི་ལེ་པཱ་ནུན་གྱི་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་དང་། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པ་བཅས་ཀྱིས་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་ཡུལ་གྱར་བའི་ལེ་པཱ་ནུན་གྱི་འཚོ་བའི་ཆ་རྐྱེན་མྱུར་མོར་ཇེ་སྡུག་ཏུ་སོང་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིན་དེར་ཉིས་སྟོང་ཉེར་གཅིག་ལོའི་ལེ་པཱ་ནུན་གྱི་སི་རི་ཡཱའི་ཡུལ་གྱར་བའི་ཉམས་ཞན་རང་བཞིན་གྱི་དཔྱད་འཇོག་ཅེས་པའི་ཐོག་མའི་རྟོག་ཞིབ་སྙན་ཞུ་ཁྱབ་བསྒྲགས་བྱས། 

རྟོག་ཞིབ་སྙན་ཞུ་ལས་བཤད་རྒྱུར། ལེ་པཱ་ནུན་གྱི་ཕན་ཚུན་བསྣོལ་མར་ཡོད་པའི་སྤྱི་ཚོགས་དང་དཔལ་འབྱོར། འཕྲོད་བསྟེན་ཉམས་ཉེན་ལས་ཆེས་ཉམ་ང་བའི་ལེ་པཱ་ནུན་གྱི་ཁྱིམ་ཚང་དང་ཡུལ་གྱར་བའི་ཁྱིམ་ཚང་ལ་གནོད་པ་ཆེན་པོ་ཐེབས་ཡོད། ཕལ་ཆེར་སི་རི་ཡཱའི་ཡུལ་གྱར་བའི་ཚོགས་ཁག་གིས་འཚོ་སྡོད་ལ་མཁོ་བའི་ཆེས་དམའ་བའི་འགྲོ་སོང་ཡང་ཁུར་དུ་ལེན་ཐབས་མེད་ལ། བརྒྱ་ཆའི་དགུ་བཅུའི་སི་རི་ཡཱའི་ཡུལ་གྱར་བས་སྔར་བཞིན་ཆེས་དབུལ་ཕོངས་ཀྱི་འཚོ་བ་རོལ་བཞིན་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཉིས་སྟོང་ཉེར་གཅིག་ལོར་འཚོ་སྡོད་ཀྱི་ཆེད་དུ་ཡུལ་གྱར་བ་མང་བོས་མུ་མཐུད་དུ་སློང་མོ་བྱེད་པ་དང་བྱིས་པ་སློབ་གྲྭར་མི་སྐྱེལ་བ། སྨན་བཅོས་འགྲོ་སོང་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱོད་བཞིན་ཡོད། ཡུལ་གྱར་བའི་ཁྱིམ་ཚང་གི་ཁྱིམ་མི་མང་ཆེ་བས་ཡོང་འབབ་དམའ་བའི་བྱ་བ་དང་ཉེན་ཁ་ཆེ་བའི་བྱ་བ་བསྒྲུབས་པའང་ཡང་ན་ལས་སྣོན་སོགས་བྱས་ན་ད་གཟོད་ཉིས་སྟོང་ཉི་ཤུ་ལོ་དང་ཕལ་ཆེར་འདྲ་བའི་ཁྱིམ་ཚང་གི་ཡོང་འབབ་བསྐྲུན་ཐུབ་ཟེར། 

གསལ་སྒྲོག་ལས་བསྟན་དོན། ཉམས་ཉེན་དེའི་ཁྲོད། སི་རི་ཡཱའི་ཡུལ་གྱར་བའི་བྱིས་པར་གནོད་པ་ཆེན་པོ་ཐེབས་ཡོད། བརྒྱ་ཆའི་སུམ་ཅུའི་སློབ་ལོ་རན་པའི་བྱིས་པ་དང་ན་གཞོན་སློབ་གྲྭར་གཏན་ནས་སོང་མྱོང་མེད། དེ་ལས་གཞན་ཉིས་སྟོང་ཉེར་གཅིག་ལོར་སི་རི་ཡཱའི་ཡུལ་གྱར་བའི་ནར་སོན་པའི་བྱིས་པའི་ལས་ཀ་བའི་ཁ་གྲངས་བསྟུད་མར་ཇེ་མང་དུ་འགྲོ་བའི་སྣང་ཚུལ་བྱུང་ཡོད་ཟེར། 

གསལ་སྒྲོག་ལས་ད་རུང་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དེ་གསུམ་གྱིས་མུ་མཐུད་དུ་ལེ་པཱ་ནུན་སྲིད་གཞུང་དང་མཉམ་ལས་གྲོགས་པོའི་བར་མཉམ་ལས་བྱས་ཏེ། ལེ་པཱ་ནུན་གྱི་མི་དང་ཡུལ་གྱར་བ་འདུས་པའི་ཉམ་ངའི་ཚོགས་ཁག་ལ་མྱུར་མཁོའི་རྒྱབ་སྐྱོར་བྱེད་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།