ཀྲུང་གོ་བོད་ཀྱི་དྲ་བ།

ཨར་པ་ནི་ཡ་དང་མ་ཆི་ཏུང་བྱང་མ་གཉིས་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པའི་ཐོག་མའི་སྲིད་གཞུང་བར་གྱི་གྲོས་ཚོགས་ད་ལོའི་ལོ་མཇུག་གི་སྔོན་ལ་བསྡུ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལེ་ཨུན་གྱིས་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་ཨར་པ་ནི་ཡར་འཚམས་འདྲི་བྱེད་སྐབས་བཤད་དོན། ཨར་པ་ནི་ཡ་དང་མ་ཆི་ཏུང་བྱང་མ་གཉིས་ནི་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་དགོས་པ་དང་། འབྲེལ་ཡོད་མནའ་འབྲེལ་དུ་ཞུགས་པའི་ཐོག་མའི་སྲིད་གཞུང་བར་གྱི་གྲོས་ཚོགས་ད་ལོའི་ལོ་མཇུག་གི་སྔོན་ལ་བསྡུ་རྒྱུ་རེད།

ཧྥིན་ཏི་ལེ་ཨུན་གྱིས་ཨར་པ་ནི་ཡའི་ཙུང་ལི་ལཱ་མ་དང་མཉམ་དུ་བསྡུས་པའི་མཉམ་འབྲེལ་སྒྲོག་སྤེལ་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། མོས་བཤད་དོན། ཨར་པ་ནི་ཡའི་མ་འོངས་པ་དེ་ཡོ་རོབ་གླིང་མནའ་འབྲེལ་ལ་ཐུག་ཡོད། ཡོ་རོབ་གླིང་མནའ་འབྲེལ་གཞི་གཅིག་ཅན་གྱི་འཕེལ་རིམ་ཁྲོད་དུ་ཨར་པ་ནི་ཡ་འཕེལ་རྒྱས་གསར་བ་བྱུང་ཞིང་ཡོ་རོབ་གླིང་མནའ་འབྲེལ་གྱི་རེ་བ་ཡོངས་འགྲུབ་བྱས་པ་དང་། ད་ལྟ་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁས་ལེན་དམ་བཅའ་ལག་བསྟར་བྱེད་པའི་དུས་ལ་བབས་ཡོད།

ཧྥིན་ཏི་ལེ་ཨུན་གྱིས་བཤད་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་ཨར་པ་ནི་ཡ་དང་པ་ཨར་ཀན་ནུབ་མ་ས་ཁུལ། དེ་མིན་རྒྱལ་ཁབ་གཞན་པའི་རིམས་ནད་འགོག་རྒོལ་ལ་རྒྱབ་སྐྱོར་བྱེད་པར་མ་ཟད་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པའི་དཔལ་འབྱོར་སླར་གསོ་བྱེད་པར་རོགས་རམ་བྱེད་ངེས་ཡིན་ཟེར།

ལཱ་མས་བཤད་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་བལྟས་ན། ཨར་པ་ནི་ཡས་མནའ་འབྲེལ་དུ་ཞུགས་པའི་རེ་བ་ཡོངས་འགྲུབ་བྱས་པ་དེ་ཨར་པ་ནི་ཡར་མཚོན་ན་ཧ་ཅང་གལ་ཆེ་བར་སྙམ། ཨར་པ་ནི་ཡ་སྲིད་གཞུང་གིས་མུ་མཐུད་དུ་ཡོ་རོབ་གླིང་མནའ་འབྲེལ་དུ་སྔ་མོ་ནས་ཞུགས་པར་འབད་བརྩོན་བྱེད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།