ཀྲུང་གོ་བོད་ཀྱི་དྲ་བ།

ནི་ཀྲེ་རི་ཡའི་ནུབ་བྱང་ཁུལ་གྱི་གྲོང་སྡེ་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི34རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན་ནི་ཀྲེ་རི་ཡ་དཔོན་མིས་ར་སྤྲོད་བྱས་པ་ལྟར་ན། ནི་ཀྲེ་རི་ཡའི་ནུབ་བྱང་ཁུལ་གྱི་ཁཱ་ཏུའུ་ལཱ་མངའ་སྡེའི་གྲོང་སྡེ་ཞིག་ལ་ཚེས26ཉིན་གྱི་དགོང་མོར་ཐོབ་ཐང་མི་ཤེས་བའི་དྲག་ཆས་པའི་འཇབ་རྒོལ་ཐེབས་ཏེ་མི34རྐྱེན་ལམ་དུ་ཤོར་བ་དང་མི7ལ་རྨས་སྐྱོན་ཐེབས།

ཁཱ་ཏུའུ་ལཱ་མངའ་སྡེའི་ནང་སྲིད་སྡེ་ཁག་གི་འགན་འཁུར་བ་སའེ་མི་ཨར·ཨ་ལུའུ་ཝན་གྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཚེས26ཉིན་གྱི་དགོང་མོ་དྲག་ཆས་པ་ཁག་གཅིག་མངའ་སྡེ་ད་གའི་ཁའོ་ལཱ་ས་ཁུལ་གྱི་གྲོང་སྡེ་ཞིག་ཏུ་འཛུལ་ནས་གྲོང་མིར་འཇབ་རྒོལ་བྱས་པ་མ་ཟད་སྡོད་ཁང་སོགས་ལ་མེ་བཏང་པ་རེད། ཉེ་འདབས་སུ་ཡོད་པའི་བདེ་འཇགས་དམག་དཔུང་ལ་ཉེན་བརྡ་འབྱོར་རྗེས་མྱུར་དུ་དོན་རྐྱེན་བྱུང་སའི་གྲོང་སྡེ་དེར་བསྐྱོད་དེ། ཛ་དྲག་གི་འཐབ་འཛིང་བྱས་མཐར་དྲག་ཆས་ཉེས་ཅན་ལ་ཕམ་པར་བརྒྱབ། བདེ་འཇགས་དམག་དཔུང་གིས་སྤེལ་བའི་གནས་ཚུལ་ལྟར་ན། གྲོང་མི34རྐྱེན་ལམ་དུ་ཤོར་བ་དང་མི7ལ་རྨས་སྐྱོན་ཕོག་ཡོད་པ་རེད།

ཨ་ལུའུ་ཝན་གྱིས་མིག་སྔར་བདེ་འཇགས་དམག་དཔུང་གིས་ཐེངས་འདིའི་འཇབ་རྒོལ་དང་འབྲེལ་བ་ཡོད་པའི་དོགས་ཅན་ཉེས་ཅན་གཉིས་འཛིན་བཟུང་བྱས་ཡོད་ལ། བྲོས་བྱོལ་བྱས་པའི་དྲག་ཆས་པ་ལ་འདེད་འཛིན་བྱེད་བཞིན་པའི་སྒང་ཡིན་ཟེར། 

ཉེ་བའི་ཟླ་ཤས་རིང་། ནི་ཀྲེ་རི་ཡ་རུ་བསྟུད་མར་དྲག་ཆས་པས་འཇབ་རྒོལ་བྱས་པའི་དོན་རྐྱེན་ཐེངས་འགའ་བྱུང་བས་ཤི་རྨས་ཚབས་ཆེན་ཐེབས་པ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།