ཀྲུང་གོ་བོད་ཀྱི་དྲ་བ།

འཁྱག་གླིང་སྲིད་འཛིན་མནའ་འབྲེལ་ལ་གྲོས་ཁང་གི་ལས་གནས་མང་ཆེ་བ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཁྱག་གླིང་གྲོས་ཁང་གི་འདེམ་བསྐོའི་མཇུག་འབྲས་དེ་ཚེས་ཉེར་དྲུག་ཉིན་ཁྱབ་བསྒྲགས་བྱས་པ་དང་། གཡོན་ཕྱོགས་དང་གཡས་ཕྱོགས་སྲིད་ཏང་གིས་མཉམ་དུ་བཙུགས་པའི་སྲིད་འཛིན་མནའ་འབྲེལ་ལ་མུ་མཐུད་དུ་ལས་གནས་མང་ཆེ་བ་ཐོབ་ཡོད་ཀྱང་། སྐབས་རྗེས་མའི་སྲིད་གཞུང་གི་རྩ་འཛུགས་གནས་ཚུལ་གསལ་བོ་མིན་ཟེར། 

འཁྱག་གླིང་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྒྲགས་པའི་ཆེས་མཇུག་མཐའི་བསྡོམས་རྩིས་མཇུག་འབྲས་ལྟར་ན། གྲོས་ཁང་གི་ལས་གནས་རེ་གསུམ་སྔར་བཞིན་སྲིད་ཏང་བརྒྱད་ཀྱི་མཉམ་སྤྱོད་བྱས་ཡོད་པ་དང་། གཡོན་ཕྱོགས་ལྷད་མེད་ལས་འགུལ་དང་སྒེར་ཚུགས་ཏང་། གོང་འཕེལ་ཏང་བཅས་ཀྱིས་གྲུབ་པའི་སྲིད་འཛིན་མནའ་འབྲེལ་ལ་ཐོབ་པའི་ལས་གནས་དེ་སོ་ལྔ་ནས་སོ་བདུན་དུ་ཇེ་མང་ལ་སོང་ཡོད། ཐེངས་འདིའི་འདེམ་བསྐོ་ལས་བུད་མེད་གྲོས་མི་སོ་གསུམ་བདམས་ཡོད་པ་དང་། ཁ་གྲངས་ཐོག་དང་པོར་སྐྱེས་པ་ལས་བརྒལ་ཡོད་ཟེར། 

སྲིད་འཛིན་ཏང་ཁག་གསུམ་གྱི་ཁྲོད་སྒེར་ཚུགས་ཏང་ནི་སྔར་བཞིན་ཆེས་ཆེ་བའི་སྲིད་འཛིན་ཏང་ཡིན་པ་དང་། ལས་གནས་བཅུ་དྲུག་ཐོབ་ཡོད། གོ་འཕེལ་ཏང་ལ་ཐོབ་པའི་ལས་གནས་བརྒྱད་ནས་བཅུ་གསུམ་དུ་འཕར་ཡོད། ད་ལྟའི་ཙུང་ལི་ཡཱ་ཀི་པུའུ་སི་ཏའོ་ཏིས་ཨར་གྱིས་མགོ་ཁྲིད་པའི་གཡོན་ཕྱོགས་ལྷད་མེད་ལས་འགུལ་ལ་ཐོབ་པའི་ལས་གནས་བཅུ་གཅིག་ནས་བརྒྱད་དུ་ཇེ་དམའ་རུ་སོང་ཡོད། 

སྲིད་འཛིན་ཏང་ཁག་གསུམ་གྱི་མགོ་ཁྲིད་པས་འདེམ་བསྐོའི་སྔོན་ལ་བསྟན་དོན། གལ་ཏེ་སྲིད་འཛིན་མནའ་འབྲེལ་ལ་རྒྱལ་ཁ་ཐོབ་ན། མུ་མཐུད་དུ་མཉམ་ལས་བྱེད་པར་གྲོས་བསྡུར་བྱེད་པ་ནི་ཐོག་མའི་གདམ་གསེས་ཡིན་ཟེར། ཡཱ་ཀི་པུའུ་སི་ཏའོ་ཏིས་ཨར་གྱིས་ཚེས་ཉེར་དྲུག་ཉིན་བསྟན་དོན། སྲིད་གཞུང་རྩ་འཛུགས་བྱེད་པའི་གྲོས་མོལ་ཧ་ཅང་རྙོག་འཛིང་ཆེ་ཟེར། 

ཐེངས་འདིའི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་ཉེར་ལྔ་ཉིན་སྤེལ་ཡོད་ལ། རྒྱལ་ཡོངས་ཀྱི་འདེམ་ཤོག་འཕངས་པའི་ཚད་བརྒྱ་ཆའི་བརྒྱད་ཅུའི་ཡན་ལ་བསླེབས་ཡོད་པ་དང་། ཉིས་སྟོང་བཅུ་བདུ་ལོར་སྤེལ་བའི་སྐབས་སྔོན་མའི་འདེམ་བསྐོའི་བྱ་འགུལ་ལས་ཅུང་དམའ་བར་མངོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།