ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་ལྷོ་རྒྱུད་ཀྱི་ཐེན་ན་ཞི་མངའ་སྡེའི་སྒོ་རྩིས་ཚོང་ཁང་ཞིག་ཏུ་མེ་མདའི་འཇབ་རྒོལ་ཐེབས་ནས་ཉུང་མཐར་ཡང་མི1རྐྱེན་ལམ་དུ་ཤོར་བ་དང་མི14ལ་རྨས་སྐྱོན་ཕོག

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས23ཉིན་ཨ་རིའི་ལྷོ་རྒྱུད་ཀྱི་ཐེན་ན་ཞི་མངའ་སྡེའི་སྒོ་རྩིས་ཚོང་ཁང་ཞིག་ཏུ་མེ་མདའི་འཇབ་རྒོལ་ཐེབས་ནས་ཉུང་མཐར་ཡང་མི1རྐྱེན་ལམ་དུ་ཤོར་བ་དང་མི14ལ་རྨས་སྐྱོན་ཕོག དེ་མ་ཐག་ལག་དམར་གྱིས་མེ་མདའ་བརྒྱབ་ནས་རང་སྲོག་བཅད།

ཨ་རིའི་གསར་འགྱུར་སྨྱན་བྱད་ཀྱིས་ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱི་གནས་ཚུལ་དྲངས་ནས་གསར་འགྱུར་སྤེལ་བ་ལྟར་ན། ཉིན་དེའི་ཉིན་གུང་མཚམས་སུ་ཐེན་ན་ཞི་མངའ་སྡེའི་ཁི་ལི་འར་ཝེ་འར་གྱི་སྒོ་རྩིས་ཚོང་ཁང་ཞིག་ལ་འཇབ་རྒོལ་ཐེབས་ནས་ཉུང་མཐར་ཡང་མི1རྐྱེན་ལམ་དུ་ཤོར་བ་དང་མི14ལ་རྨས་སྐྱོན་ཕོག སྒོ་རྩིས་ཚོང་ཁང་ནང་གི་མི་སྣས་མེ་མདའི་སྒྲ་ཐོས་མ་ཐག་གཅིག་རྗེས་གཉིས་མཐུད་ངང་གང་སར་སྦས་སྐུང་བྱས། དེ་རྗེས་ལག་དམར་གྱིས་མེ་མདའ་བརྒྱབ་ནས་རང་སྲོག་བཅད།

ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་རྨས་མ་རྣམས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་པའི་སྒང་ཡིན་མོད། རྨས་ཕོག་པ་ཚབས་ཆེ་སྟབས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མང་དུ་འགྲོ་སྲིད་ཅེས་བཤད།

གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད། ལག་དམར་གྱི་རླངས་འཁོར་ད་སྔ་སྔར་བཞིན་སྒོ་རྩིས་ཚོང་ཁང་གི་རླངས་འཁོར་འཇོག་སར་བཞག་ཡོད་ལ་བདག་པོ་སུ་ཡིན་ད་དུང་གསལ་བོ་མི་ཤེས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།