ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་དམག་དོན་འཕྲིན་གཏོང་འཁོར་སྐར་ཐོག་མ་བདེ་བླག་ངང་བར་སྣང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གཅིག་ཉིན་ཁས་ལེན་བྱས་དོན། ཧན་གོའི་དམག་བཀོལ་འཕྲིན་གཏོང་འཁོར་སྐར་ཐོག་མ་དྲུད་པའི་གླག་རྒོད་དགུ་བ་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་ཧྲིག་ཨར་གྱི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་དུས་ཚོད་དྲུག་དང་སྐར་མ་སུམ་ཅུའི་སྟེང་ཨ་མེ་རི་ཁའི་ཧྥོ་ལོ་ལི་ཏཱ་མངའ་སྡེའི་ཁཱ་ནཱ་ཝེ་ལཱ་ཨར་ཅོ་མཁའ་དམག་རྟེན་གཞི་ནས་བདེ་བླག་ངང་བར་སྣང་དུ་བཏང་། 

ཨ་མེ་རི་ཁའི་བར་སྣང་འཚོལ་ཞིབ་ལག་རྩལ་ཀུང་ཟིས་སྤེལ་བའི་གནས་ཚུལ་ལྟར་ན། བར་སྣང་དུ་གཏོང་འཕེན་བྱས་ནས་སྐར་མ་སོ་བརྒྱད་ཙམ་འགོར་རྗེས། དམག་དོན་འཕྲིན་གཏོང་འཁོར་སྐར་དེ་མེ་ཤུགས་འཕུར་མདའ་དང་ཁ་བྲལ་བ་རེད། འཆར་གཞི་ལྟར་ན། འཁོར་སྐར་དེ་སའི་གོ་ལ་དང་མཉམ་པའི་རྒྱུ་ལམ་དུ་ཞུགས་རྒྱུ་རེད་ཟེར། 

ཧན་གོའི་རྒྱལ་སྲུང་ལས་དོན་ཐིན་གྱི་མགྲིན་ཚབ་པ་ཀྲང་ཞེ་ཧྲན་གྱིས་ཚེས་ཉེར་གཅིག་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། འཁོར་སྐར་དེ་རྒྱུ་ལམ་དུ་ཞུགས་ནས་སྙོམས་སྒྲིག་ཚོད་ལྟ་བྱས་རྗེས་ད་ལོའི་ལོ་ནང་དུ་བེད་སྤྱོད་བྱེད་རྒྱུའི་འཆར་གཞི་ཡོད། ཐེངས་འདིའི་འཁོར་སྐར་གཏོང་འཕེན་ནི་ཧན་གོས་དམག་བཀོལ་འཁོར་སྐར་མ་ལག་འཛུགས་སྐྲུན་གྱི་དུས་རིམ་གཉིས་པའི་ལས་དོན་ཁྲོད་ཀྱི་ལས་རིམ་ཞིག་ཡིན་པ་དང་། འཛུགས་སྐྲུན་ཡོངས་འགྲུབ་བྱས་རྗེས་ཧན་གོའི་དམག་དཔུང་ལ་དམག་དོན་ཆེད་སྤྱོད་ཀྱི་གཏན་འཇགས་ཀྱི་འཕྲིན་གཏོང་དྲ་རྒྱ་འདོན་སྤྲོད་བྱེད་ཐུབ་ཟེར། 

ཀྲང་ཞེ་ཧྲན་གྱིས་ད་རུང་བཤད་རྒྱུར། ད་ཡོད་ཀྱི་འཁོར་སྐར་དང་བསྡུར་ན། འཁོར་སྐར་གསར་བའི་གཞི་གྲངས་བརྒྱུད་གཏོང་གི་ཤོང་ཚད་དང་ཕྱིའི་བར་ཆད་ཐེབས་སྐབས་བརྡ་འཕྲིན་གཏན་འཇགས་སྲུང་འཛིན་བྱེད་པ་སོགས་ཐད་ཀྱི་བྱེད་ནུས་ལྡབ་འགྱུར་གྱིས་ཇེ་ཆེར་བཏང་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།