ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་ཧེ་ཐི་སོགས་རྒྱལ་ཁབ་ཀྱི་ཁྲིམས་འགལ་ཡུལ་གྱར་པ་མྱུར་དུ་ཕྱིར་སྐྱེལ་རྒྱུ་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་ཁོངས་བདེ་འཇགས་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། རྗེས་ཕྱོགས་ཀྱི་ཉིན་གསུམ་གྱི་རིང་ལ་གནམ་གྲུ་གཏོང་ཐེངས་ཇེ་མང་དུ་བཏང་ནས། ཉེ་སྔོན་ཏི་ཁི་སཱ་སི་མངའ་སྡེའི་མཐའ་མཚམས་ཀྱི་གྲོང་ཁྱེར་ཆུང་བ་ཏི་ཨར་ལེ་ཨོ་རུ་ཡོང་བའི་ཁྲིམས་འགལ་ཡུལ་གྱུར་པ་སྟོང་ཕྲག་འགའ་ཡོད་པ་དེ་རྒྱལ་ཁོངས་ལས་ཕྱིར་སྐྱེལ་རྒྱུ་ཡིན་ཟེར།

རྒྱལ་ཁོངས་བདེ་འཇགས་པུའུ་ཡིས་ཉིན་དེར་བཤད་རྒྱུར། རྗེས་ཕྱོགས་ཀྱི་དུས་ཚོད་དོན་གཉིས་རིང་ལ་གནམ་གྭ་སྔར་ལས་མང་པོ་བཀོད་སྒྲིག་བྱས་ཏེ། ཁྲིམས་འགལ་ཡུལ་གྱར་པ་དེ་དག་ཕྱིར་ཧེ་ཐི་སོགས་རྒྱལ་ཁབ་ལ་སྐྱེལ་རྒྱུ་ཡིན་ཟེར། གཞན་ཡང་ཨ་མེ་རི་ཁ་ཕྱོགས་ཀྱིས་པ་ཞི་དང་ཀྲི་ལེ་སོགས་རྒྱལ་ཁབ་ལ་གྲོས་མོལ་བྱས་ཏེ། ཕ་རོལ་བས་ཡུལ་གྱར་པ་ཁག་ཅིག་དང་ལེན་བྱེད་རྒྱུའི་རེ་བ་བཅངས་ཡོད།

ཉེ་སྔོན། ཁྲིམས་འགལ་ཡུལ་གྱར་པ་འབོར་ཆེན་བསྟུད་མར་ཏི་ཨར་ལེ་ཨོ་གྲོང་ཁྱེར་དང་མཱོ་ཞི་ཁོའི་ཨ་ཝེ་ལཱ་མངའ་སྡེའི་ཨ་ཁུའུ་ཉི་ཡ་གྲོང་ཁྱེར་དུ་ཡུལ་གྱར་དུ་ཐོན་པ་དང་། དེའི་ནང་གི་མི་མང་ཆེ་ཤོས་ནི་ཧེ་ཐི་རྒྱལ་ཁབ་ཀྱི་རེད། ཁོ་ཚོ་རྒྱུན་དུ་ཨ་ཁུའུ་ཉི་ཡཱ་གྲོང་ཁྱེར་དུ་སོང་ནས་ཟས་རིགས་དང་ཉེར་མཁོའི་དངོས་རྫས་ཉོས་རྗེས་ཡང་བསྐྱར་ཆུར་བརྒལ་ནས་སྡོད་གནས་སུ་ལོག་བཞིན་ཡོད།

ཨ་མེ་རི་ཁའི་འགག་སྒོ་དང་མཐའ་མཚམས་སྲུང་སྐྱོབ་ཅུའུ་ཡིས་གནས་སྐབས་ཀྱི་ཡུལ་གྱར་པའི་སྒར་ས་དེར་ལྟ་རྟོག་བྱེད་བཞིན་ཡོད། ཏི་ཨར་ལེ་ཨོ་གྲོང་ཁྱེར་གྱི་ཧྲི་ཀྲང་གིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་བཤད་རྒྱུར། ས་ཁུལ་དེར་ད་ལྟ་ཁྲིམས་འགལ་ཡུལ་གྱར་པ་ཁྲི་གཅིག་དང་སྟོང་ལྔ་ཙམ་འཛོམས་ཡོད་ལ། ས་གནས་དང་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ལས་ཁུངས་ཀྱིས་ཕྱིར་སྐྱེལ་མི་སྣ་དང་འགྲུལ་འཁོར་ཆེན་པོ། གནམ་གྲུ་སོགས་བཀོལ་ནས་ཡུལ་གྱར་པ་བཀོད་སྒྲིག་བྱེད་བཞིན་ཡོད་ཟེར།

རྒྱལ་ཁོངས་བདེ་འཇགས་པུའུ་ཡིས་གསལ་བསྒྲགས་ནང་བཤད་རྒྱུར། ཁྲིམས་འཛིན་མི་སྣས་ཚེས་བཅུ་བདུན་ཉིན་ཁྲིམས་འགལ་ཡུལ་གྱར་པ་སྟོང་གཉིས་ཙམ་ཏི་ཨར་ལེ་ཨོ་གྲོང་ཁྱེར་ནས་གྲོང་ཁྱེར་གཞན་པའི་ཡུལ་གྱར་པ་བཀོད་སྒྲིག་བྱེད་སར་གནས་སྤར་བ་དང་། རྗེས་སུ་ད་དུང་ཡུལ་གྱར་པ་དེ་དག་ཕྱིར་སྐྱེལ་རྒྱུ་ཡིན་ལ། མི་ཁ་ཤས་ཀྱི་ཉེན་གཡོལ་རེ་ཞུ་དང་ལེན་བྱེད་ཀྱང་སྲིད་ཟེར། རྒྱལ་ཁོངས་བདེ་འཇགས་པུའུ་ཡིས་ཚེས་ཉི་ཤུ་ཉིན་གྱི་ཞོགས་པར་ས་དེ་རུ་ཁྲིམས་འཛིན་མི་སྣ་བཞི་བརྒྱ་མངགས་ནས་སྒྲིག་ལམ་སྲུང་དུ་བཅུག

ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲིམས་འགལ་ཡུལ་གྱར་པ་དེ་དག་ཅིའི་ཕྱིར་དུས་ཚོད་ཐུང་ངུའི་ནང་མྱུར་དུ་ཏི་ཨར་ལེ་ཨོ་གྲོང་ཁྱེར་དུ་ཡོང་བའི་རྒྱུ་མཚན་དེ་གནས་སྐབས་སུ་ད་དུང་མི་ཤེས་ལ། གྲོང་ཁྱེར་ཆུང་བ་དེར་ཕལ་ཆེར་མི་གྲངས་ཁྲི་གསུམ་དང་སྟོང་ལྔ་མ་གཏོགས་མེད་ལ། ཁྲིམས་འགལ་ཡུལ་གྱར་པ་དེ་འདྲའི་མང་པོ་ཞིག་དང་ལེན་དང་ཐག་གཅོད་བྱེད་པའི་ནུས་པ་མེད་ཟེར།

ཨ་མེ་རི་ཁའི་འགག་སྒོ་དང་མཐའ་མཚམས་སྲུང་སྐྱོབ་ཅུའུ་ཡིས་ཚེས་བཅུ་བདུན་ཉིན་ཏི་ཨར་ལེ་ཨོ་གྲོང་ཁྱེར་ནས་ཨ་ཁུའུ་ཉི་ཡ་གྲོང་ཁྱེར་དུ་འགྲོ་སའི་འགག་སྒོ་གཅིག་པུ་དེ་གནས་སྐབས་སུ་བཀག་ནས། བྲེལ་མྱུར་བདེ་འཇགས་ཀྱི་དགོས་མཁོར་བསྟུན་ཐབས་བྱས། འགག་སྒོ་དེ་ཚེས་བཅོ་བརྒྱད་ཉིན་ད་དུང་བཀག་ཡོད།

ཨ་མེ་རི་ཁའི་དཔོན་རིགས་ཤིག་གིས་ཚེས་བཅུ་བདུན་ཉིན་ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་ལ་བཤད་རྒྱུར། ཚེས་བཅུ་དགུ་ཉིན་ནས་བཟུང་། ཉིན་རེར་ཡང་ཁྲིམས་འགལ་ཡུལ་གྱར་པ་ཨ་མེ་རི་ཁ་ནས་ཕྱིར་སྐྱེལ་བའི་གནམ་གྲུ་ཐེངས་ལྔ་ནས་བརྒྱད་བར་གཏོང་སྲིད་ལ། དེ་ཡུལ་གྱར་པ་ཕྱིར་སྐྱེལ་བའི་འགུལ་སྐྱོད་ཀྱི་ལག་བསྟར་གནས་ཚུལ་དང་ཧེ་ཐི་ཕྱོགས་ཀྱི་དང་ལེན་འདོད་བློར་རག་ལས་ཡོད་ཟེར།

ཨ་མེ་རི་ཁས་ཁྲིམས་འགལ་ཡུལ་གྱར་པ་དེ་དག་ཨ་མེ་རི་ཁ་རུ་འདུག་ཏུ་འཇུག་རྩིས་མེད་ནའང་། ཏི་ཨར་ལེ་ཨོ་གྲོང་ཁྱེར་གྱི་རྒྱལ་སྤྱི་ཟམ་པའི་འོག་ཏུ་བསྡད་ཡོད་པའི་ཧེ་ཐི་པ་ཁ་ཤས་ཀྱིས་ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཁོ་ཚོ་གཙང་སྦྲ་མི་བཟང་བའི་གནས་དེ་ནས་མུ་མཐུད་དུ་བསྡད་དེ། ཨ་མེ་རི་ཁས་ཁོ་ཚོའི་ཉེན་གཡོལ་རེ་ཞུ་དང་ལེན་བྱེད་པའི་བར་དུ་སྒུག་རྒྱུ་ཡིན་ཟེར། ཁོ་ཚོས་བཤད་རྒྱུར། ཧེ་ཐི་རུ་མ་གཞི་ནས་དབུལ་ཕོངས་སོགས་ཀྱི་ཉེན་ཚབས་སྣ་ཚོགས་ཡོད་པའི་ཁར། ཉེ་སྔོན་ཙུང་ཐུང་ལྐོག་གསོད་བྱས་པར་བརྟེན་ནས་ཟིང་འཁྲུག་བྱུང་བ་དང་། ས་འགུལ་གྱི་གནོད་འཚེ་ཡང་བྱུང་བས། གནས་ཚུལ་ཇེ་སྡུག་ནས་ཇེ་སྡུག་རེད་ཟེར།

ཧེ་ཐིའི་ཙུང་ཐུང་མཱོ་དབྱི་ཙི་ལ་ཟླ་བདུན་པའི་ཚེས་བདུན་ཉིན་གྱི་ཞོགས་པར་རང་ཁྱིམ་ནས་འཇབ་རྒོལ་ཐེབས་ཏེ་ཚེ་ལས་འདས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་མཱོ་དབྱི་ཙི་ལྐོག་གསོད་བྱེད་པར་ཞུགས་པའི་དོགས་ཡོད་ཉེས་ཅན་སྐོར་ཞིག་འཛིན་བཟུང་དང་བཀག་ཉར་བྱས། ཧེ་ཐིའི་ནུབ་ཕྱོགས་ས་ཁུལ་ལ་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་ཚད་རིམ་བདུན་དང་གྲངས་ཆུང་གཉིས་ཀྱི་ས་འགུལ་བྱུང་ནས། མི་སྟོང་གཉིས་དང་ཉིས་བརྒྱད་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཅིག་དང་སྟོང་གཉིས་ལ་གནོད་འཚེ་ཐེབས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།