ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་སྤྱོད་རྩལ་ཁྲིད་གནམ་གྲུ་ཞིག་ཐང་ལ་ལྷུང་ནས་མི་ལྔ་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་གསར་འགྱུར་ལས་ཁུངས་ཀྱིས་ཚེས་བཅུ་དགུ་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཏི་ཁི་སཱ་སི་མངའ་སྡེ་ནས་ཉིན་དེར་དམག་སྤྱོད་རྩལ་ཁྲིད་གནམ་གྲུ་ཞིག་ཐང་ལ་ལྷུང་ནས། གནམ་གྲུའི་སྟེང་གི་མི་གཉིས་དང་ས་ཐོག་གི་མི་གསུམ་ལ་རྨས་ཕོག

བསྒྲགས་པའི་གནས་ཚུལ་ལྟར་ན། ཐང་ལ་ལྷུང་བའི་གནམ་གྲུ་དེ་ནི་ཨ་མེ་རི་ཁའི་མཚོ་དམག་གིT-45Cགླག་རྒོད་རྟགས་ཅན་གྱི་རྩལ་ཁྲིད་གནམ་གྲུ་ཞིག་རེད། གནམ་གྲུ་དེས་ཚེས་བཅུ་དགུ་ཉིན་རྒྱུན་ལྡན་གྱི་འཁོར་སྐྱོད་སྦྱོང་བརྡར་བྱེད་སྐབས། ཏི་ཁི་སཱ་སི་མངའ་སྡེའི་ཝོ་སི་མཚེའུ་ཉེ་འདབས་ཀྱི་སྡོད་དམངས་ཁུལ་ཞིག་ནས་ཐང་ལ་ལྷུང་བ་རེད། གནམ་གྲུ་དེའི་སྟེང་གི་མི་གཉིས་དང་རྩལ་ཁྲིད་པ་དང་སློབ་མ་གཉིས་ཡིན་ལ། ཁོ་ཚོ་གནམ་གྲུ་ཐང་ལ་མ་ལྷུང་གོང་གནམ་གྲུ་ལས་ལྡིང་བ་དང་། རྗེས་སུ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་ལ། དེའི་ནང་གི་མི་གཅིག་སྲོག་གི་ཉེན་ཁར་འཕྲད་ཡོད་པ་དང་། མི་གཞན་པ་དེར་རྨས་ལྗིད་མོ་ཕོག་ཡོད། གནམ་གྲུ་ཐང་ལ་ལྷུང་བའི་རྒྱུ་རྐྱེན་ད་དུང་གསལ་པོར་མི་ཤེས།

ས་དེའི་ཉེན་རྟོག་ཕྱོགས་དང་ཉེན་སེལ་སྡེ་ཁག་གིས་སྤྱི་ཚོགས་སྨྱུན་སྦྱོར་བརྒྱུད་དེ་བཤད་རྒྱུར། གནམ་གྲུ་ཐང་ལ་ལྷུང་བ་ལས་ས་ཐོག་གི་མི་གསུམ་ལ་རྨས་ཡང་མོ་ཕོག་པ་དང་། ཁོ་ཚོས་ཡུལ་དངོས་ནས་སྨན་བཅོས་དང་ལེན་བྱས་པ་མ་གཏོགས་སྨན་ཁང་དུ་བསྡད་མེད། གནམ་གྲུ་ཐང་ལ་ལྷུང་བ་ལས་ད་དུང་ས་ཐོག་གི་ཁང་པ་འགའ་ལ་གཏོར་བརླག་ཐེབས་པ་དང་། དེའི་ནང་ཉུང་མཐར་ཡང་ཁང་པ་གཉིས་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།