ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་དང་འབྲེལ་བ་ཡོད་པའི་ལས་ཁུངས་གསུམ་གྱིས་ཞིང་ལས་དང་འབྲུ་རིགས་མ་ལག་གི་ཚུལ་སྒྱུར་ལ་དོ་སྣང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ། འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་བཅས་ཀྱིས་ཚེས་བཅུ་བདུན་ཉིན་བརྙན་རིས་ཀྱི་ལམ་ནས་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཉིན་མོའི་བྱ་འགུལ་སྤེལ་ནས། འཛམ་གླིང་ཕྱོགས་ཡོངས་ཀྱི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཞིང་ལས་དང་འབྲུ་རིགས་མ་ལག་གི་ཚུལ་སྒྱུར་འཆར་འགོད་ལ་དོ་སྣང་བྱས་པ་དང་། ཞིང་ལས་དང་འབྲུ་རིགས་མ་ལག་གི་དཀྱེལ་ཡངས་རང་བཞིན་དང་རྒྱུན་སྲིང་རང་བཞིན་མཐོར་འདེགས་གཏོང་བར་གྲོས་མོལ་བྱས།

མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཆུའུ་ཏུང་ཡུས་ཀྱིས་བརྙན་རིས་གཏམ་བཤད་གནང་སྐབས་བཤད་རྒྱུར། ལྷོ་ཕྱོགས་རྒྱལ་ཁབ་དག་བསམ་ཚུལ་བཤད་པ་དང་ཇུས་བཀོད་འཐེན་པའི་ཐད་ནས་ཉིན་རེ་བཞིན་རྣམ་འགྱུར་ཇེ་བཟང་རེད། འབྲུ་རིགས་བདེ་འཇགས་མིན་པ་དང་འཚོ་བཅུད་ཀྱིས་མི་འདང་བ་སོགས་ཀྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ནས། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་མྱུར་དུ་དོན་འཁྱོལ་བྱེད་དགོས་ན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་དང་། ཕྱོགས་གསུམ་གྱི་མཉམ་ལས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་གྲོགས་པོའི་འབྲེལ་བ་བཅས་ལ་ཤུགས་སྣོན་དགོས་ཟེར།

ཞིང་ལས་འཕེལ་རྒྱས་ཐེབས་རྩའི་འཛམ་གླིང་ཡོངས་ཀྱི་མཉམ་ལས་དང་དངུལ་བསྡུ་ཅུའུ་ཡི་ཅུའུ་ཀྲང་ཧ་ཐི་མན་གྱིས་བཤད་རྒྱུར། འདྲ་མཉམ་དཀྱེལ་ཡངས་ཀྱི་འབྲུ་རིགས་མ་ལག་ལག་བསྟར་བྱེད་པ་དེ་ལྷོ་ཕྱོགས་རྒྱལ་ཁབ་བར་གྱི་ནུས་ལྡན་མཉམ་ལས་དང་ཁ་འབྲལ་ཐབས་མེད་ཟེར། ཁོས་ཕྱོགས་སོ་སོས་མཉམ་ལས་གང་ལེགས་བྱས་ཏེ། ཆ་འཕྲིན་དང་གཞི་གྲངས་ལག་རྩལ་ཕྱོགས་ཀྱི་ཞིབ་འཇུག་གསར་གཏོད་ལ་སྔར་ལས་ཤུགས་བསྣན་ནས། ཉམ་ཞན་གྱི་ཚོགས་ཁག་ལ་བདེ་སྐྱིད་བསྐྲུན་རྒྱུའི་འབོད་སྐུལ་བཏང་།

ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་ཞིང་ལས་ལས་ཁུངས་སུ་རྒྱུན་དུ་སྡོད་པའི་འཐུས་མི་ཀོང་ཏི་ཧྥུའུ་ཡིས་བཤད་རྒྱུར། མིག་སྔར་ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་དང་འབྲེལ་བ་ཡོད་པའི་ལས་ཁུངས་གསུམ་གྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་དང་ཕྱོགས་གསུམ་གྱི་མཉམ་ལས་ཐད་མ་དངུལ་གཏོང་མཁན་ཆེས་ཆེ་བའི་གྲས་ཀྱིགཅིག་ཡིན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་མཁན་དང་། དེར་རང་འགུལ་གྱིས་ཟབ་ཞུགས་བྱེད་མཁན། དེའི་ཐད་བྱས་རྗེས་གལ་ཆེན་འཇོག་མཁན་བཅས་ཡིན་པའི་ཆ་ནས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་ཞིང་ལས་དང་འབྲེལ་བའི་ལས་ཁུངས་གསུམ་དང་། དེའི་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་མཉམ་དུ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་གྱི་འཕེལ་རྒྱས་ཀྱི་བར་ཐག་ཇེ་ཐུང་དུ་གཏོང་བར་རྒྱུན་མ་ཆད་པར་ཡར་སྐུལ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱས་ནས། བཀྲེས་ལྟོགས་སེལ་བ་དང་དབུལ་ཕོངས་སེལ་བའི་དམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་དང་སྟོབས་ཤུགས་འབུལ་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།