ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་མང་ཚོགས་ཀྱིས་དགུ་གཅིག་བརྒྱད་དུས་འགྱུར་ལོ་འཁོར་དགུ་བཅུ་ལོན་པའི་འདུ་ཚོགས་བསྡུས་ཏེ་འཇར་པན་སྲིད་གཞུང་གིས་ལོ་རྒྱུས་ཀྱི་བསླབ་བྱ་དང་ལེན་བྱེད་དགོས་པའི་རེ་འབོད་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོ་ནི་དགུ་གཅིག་བརྒྱད་དུས་འགྱུར་བསླངས་ནས་ལོ་འཁོར་དགུ་བཅུ་ལོན་པའི་ལོ་ཡིན། འཇར་པན་གྱི་མང་ཚོགས་ཉིས་བརྒྱ་ལྷག་གིས་ཚེས་བཅུ་བདུན་ཉིན་དམངས་གྲོས་ཁང་གི་གྲོས་མིའི་གྲོས་ཁང་དུ་དགུ་གཅིག་བརྒྱད་དུས་འགྱུར་ལོ་འཁོར་དགུ་བཅུ་ལོན་པའི་འདུ་ཚོགས་བསྡུས་ཏེ། འཇར་པན་སྲིད་གཞུང་གིས་ལོ་རྒྱུས་ཀྱི་བསླབ་བྱ་དང་ལེན་བྱས་ནས་འཇར་པན་དང་ཀྲུང་གོའི་འབྲེལ་བ་ལེགས་བཅོས་བྱེད་དགོས་པའི་རེ་འབོད་བཏོན།

འདུ་ཚོགས་རྩ་འཛུགས་མཁན། འཇར་པན་ཚོན་ཧྲན་གླེང་མོལ་རྒྱུན་འཛིན་དང་འཕེལ་རྒྱས་ལས་འཛིན་དཔོན་པོ་ཐིན་ཐེན་ཀའོ་ཅིན་གྱིས་བཤད་དོན། དགུ་གཅིག་བརྒྱད་དུས་འགྱུར་ནི་འཇར་པན་བཙན་འཛུལ་དམག་འཁྲུག་ཁྲོད་དུ་ཆེས་དཔེ་སྟོན་དང་ཆེས་དམར་རྗེན་གྱི་དོན་རྐྱེན་ནང་གི་གཅིག་ཡིན་ཟེར། ཁོས་བཤད་དོན། འཇར་པན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཡིན་པའི་ཆ་ནས་ངེས་པར་དུ་ཡང་དག་པའི་ལོ་རྒྱུས་ལྟ་བ་ཡོད་དགོས་པ་དང་། འདས་ཟིན་པའི་རང་སྐྱོན་རང་བརྟག་བྱེད་པ་དང་ཞི་བདེ་ཡི་མ་འོངས་པར་རྒྱང་ལྟ་བྱེད་དགོས་ཟེར།

འཇར་པན་ཤར་མའི་རྒྱལ་སྤྱིའི་སློབ་ཆེན་གྱི་མཚན་འཛིན་དགེ་རྒན་ཆེན་མོ་སིན་ཐེན་ཧྲི་ཙི་ཡིས་རང་ཉིད་མི་སེར་ཡིན་པའི་ཆ་ནས་འཐབ་འཁྲུག་གི་ཉམས་ལེན་ལ་ཕྱིར་དྲན་བྱས་པར་མ་ཟད། ཨེ་ཤ་ཡ་ཞི་བདེ་དང་དར་རྒྱས་ཡོང་བའི་གནད་འགག་ནི་འཇར་པན་དང་ཀྲུང་གོ་བར་གྱི་མཉམ་ལས་དང་མཛའ་མཐུན་ལ་རག་ལས་ཡོད་ཅེས་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།