ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་མེ་རི་ཁའི་སྲིད་ཏང་གི་གྲོས་མོལ་སྐབས་བཅུ་གཉིས་པ་མཇུལ་སྒྲིལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨ་མེ་རི་ཁའི་སྲིད་ཏང་གི་གྲོས་མོལ་སྐབས་བཅུ་གཉིས་པ་ཚེས་བཅུ་བཞི་ཉིན་གྲོལ། གྲོས་མོལ་བྱེད་སྐབས་ཀྲུང་གོའི་གུང་ཁྲན་ཏང་དང་ཨ་མེ་རི་ཁའི་དམངས་གཙོ་ཏང་དང་སྤྱི་མཐུན་ཏང་གི་འཐུས་མི་རྣམས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་མདུན་ལྗོངས་ཏེ་སྲིད་ཏང་གི་ནུས་པ་ཞེས་པའི་བརྗོད་སྙིང་ལ་དམིགས་ཤིང་། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་རྒྱལ་ནང་གི་གནས་བབ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་མདུན་ལྗོངས་སོགས་ཀྱི་ཐད་ནས་ལྟ་ཚུལ་བརྗེ་རེས་ཟབ་མོ་བྱས། 

ཀྲུང་གོའི་ཕྱོགས་ཀྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་ནི་སོ་སོར་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་ཆེས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཡིན་པས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་མ་འོངས་པས་འཛམ་གླིང་གི་མ་འོངས་པར་ཤུགས་རྐྱེན་བཟོ་སྲིད། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་འདུན་ཡིན། རྒྱལ་ཁབ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པེད་ཏིན་གྱིས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱས་ཤིང་། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་བཟུང་སྟེ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་གལ་ཆེན་ལ་དོ་སྣང་བྱས་ནས། ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། སྲིད་ཏང་གི་གྲོས་མོལ་སོགས་ཀྱི་ཐབས་ལ་བརྟེན་ནས་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ལ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་འཇོག་དགོས་ཟེར། 

ཨ་མེ་རི་ཁ་ཕྱོགས་ཀྱིས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་དང་ཐ་ན་འཛམ་གླིང་ཡོངས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ། མིག་སྔར་ཨ་མེ་རི་ཁ་དང་ཀྲུང་གོའི་བར་གྱི་འགྲན་རྩོད་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་ཀྱང་། ཕྱོགས་གཉིས་ཀྱིས་ནམ་ཟླའི་འགྱུར་ལྡོག་དང་རིམས་ནད་འགོག་བཅོས། དཔལ་འབྱོར་སླར་གསོ། སའི་གོ་ལ་ཧྲིལ་བོའི་གནད་དོན་གལ་ཆེན་སོགས་ཀྱི་ཐད་ནས་ཀྱང་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད་དགོས། མུ་མཐུད་དུ་སྲིད་ཏང་གི་གྲོས་མོལ་སྟེགས་བུར་བརྟེན་ནས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་འདྲིས་མཉམ་ལས་ལ་ཡར་སྐུལ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།