ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་ཚེས་བཅུ་བཞི་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་ཨ་ཧྥུའུ་ཧན་ལ་རོགས་སྐྱོར་བྱེད་དགོས་པ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དེ་ཆབ་སྲིད་གནད་དོན་ལ་སྦྲེལ་མི་རུང་བའི་འབོད་སྐུལ་བཏང་། 

ཐཱ་ལེ་པན་གྱི་གནས་སྐབས་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་ཚབ་མ་མུའུ་ཐཱ་ཅི་ཡིས་ཚེས་བཅུ་བཞི་ཉིན་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཨ་ཧྥུའུ་ཧན་མི་དམངས་ལ་སྔར་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་སྐྱོར་དང་མཉམ་ལས་མཁོ་གལ་ཆེ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དེ་ཆབ་སྲིད་གནད་དོན་ལ་སྦྲེལ་མི་རུང་ཟེར། མུའུ་ཐཱ་ཅི་ཡིས་སློབ་གསོ་དང་འཕྲོད་བསྟེན། ཡུལ་གྱར་བ། ཐན་འགོག་སོགས་ཁྱབ་ཁོངས་ནས་ཨ་ཧྥུའུ་ཧན་ལ་རོགས་རམ་བྱས་མྱོང་བའི་རྒྱལ་ཁབ་དག་གིས་མུ་མཐུད་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། 

མུའུ་ཐཱ་ཅི་ཡིས་ད་རུང་བསྟན་དོན། ཨ་ཧྥུའུ་ཧན་དང་བྲལ་བའི་ཕྱི་རྒྱལ་གྱི་རོགས་སྐྱོར་མི་སྣ་དག་ཕྱིར་ཨ་ཧྥུའུ་ཧན་དུ་ལོག་པའི་རེ་བ་ཡོད། ད་ལྟ་ཨ་ཧྥུའུ་ཧན་དུ་འཐབ་འཁྲུག་དང་འཁྲུག་རྩོད་ཅི་ཡང་མེད་ཟེར། ཁོས་ཕྱི་རྒྱལ་གྱི་རོགས་སྐྱོར་མི་སྣ་ཚང་མའི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཁས་ལེན་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གསུམ་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་ཨ་ཧྥུའུ་ཧན་གྱི་མི་ཆོས་རིང་ལུགས་གནས་བབ་ཀྱི་མཐོ་རིམ་པུའུ་ཀྲང་རིམ་པའི་གྲོས་ཚོགས་བསྡུས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་ལ་རོགས་རམ་བྱས་ནས་དཔལ་འབྱོར་གྱི་དཀའ་ཁག་ལས་ཐར་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། བསྒྲགས་པ་ལྟར་ན། ཕྱོགས་སོ་སོས་ཨ་ཧྥུའུ་ཧན་ལ་མེ་སྒོར་ཐེར་འབུམ་གཅིག་ལས་བརྒལ་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་ཁས་ལེན་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།