ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་རྒྱལ་སར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་བཞི་ཉིན་བཤད་རྒྱུར། སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲའི་ཟ་ཁང་ཞིག་ཏུ་ཉིན་དེའི་དགོང་མོར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མིག་སྔར་ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུར་རྨས་ཕོག་ཡོད་ཟེར། 

སོ་མཱ་ལིའི་ཉེན་རྟོག་ཕྱོགས་ཀྱིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འཇབ་རྒོལ་མཁན་ཞིག་གིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་མའོ་ཅཱ་ཏིས་ཧྲའི་ཝ་ཏཱ་ཅི་ཨར་ས་ཁུལ་གྱི་ཟ་ཁང་ཞིག་ནས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་སྟེ། མི་བདུན་རྐྱེན་ལམ་དུ་ཤོར། དེའི་ནང་མི་སེར་དཀྱུས་མ་དང་སྲིད་གཞུང་གི་དམག་མི་འདུས། གཞན་ཡང་མི་བཅུར་རྨས་ཕོག་ཡོད་ཟེར། 

གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་བཤད་རྒྱུར། དོན་རྐྱེན་བྱུང་སར་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་པ་དང་དེའི་རྗེས་སུ་དུད་ནག་ལང་ལོང་དུ་འཕྱུར། མིང་བཤད་མི་འདོད་པའི་སོ་མཱ་ལིའི་ཉེན་རྟོག་དཔོན་པོ་ཞིག་གིས་བསྟན་དོན། འགས་གཏོར་གྱི་གཞི་རྒྱ་ཆེ་བའི་དབང་གིས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་ཡང་སྲིད་ཟེར། 

སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐེངས་འདིའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་པ་དང་། འཇབ་རྒོལ་དེ་ལས་ཉུང་མཐར་ཡང་སྲིད་གཞུང་གི་དམག་མི་བཅུ་གཅིག་བསད་པ་དང་གཞན་ཡང་མི་བཅུ་དྲུག་ལ་རྨས་ཕོག་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།