ཀྲུང་གོ་བོད་ཀྱི་དྲ་བ།

ཉིས་སྟོང་ཉེར་གཅིག་ལོའི་ཐུན་མོང་ལས་དབང་ཞེས་པའི་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་དམག་མིའི་སྦྱོང་བརྡར་ལྟ་སྦྱོང་བརྗེ་རེས་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་ནི་ཉིས་སྟོང་ཉེར་གཅིག་ལོའི་ཐུན་མོང་ལས་དབང་ཞེས་པའི་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་ཆེད་ལས་སྦྱོང་བརྡར་དུས་རིམ་གྱི་ཆེས་མཇུག་མཐའི་ཉིན་གཅིག་ཡིན་པ་དང་། ཕྱི་དྲོའི་དུས་ཚོད་གསུམ་སྟེང་། ཀྲུང་གོ་དང་མོང་གོལ། ཕཱ་ཁི་སི་ཐན། ཐེ་གོ་སོགས་རྒྱལ་ཁབ་ཀྱི་དཔོན་དམག་སྦྱོང་བརྡར་ལ་ཞུགས། སྐམ་དམག་གི་སྦྱོང་བརྡར་རྟེན་གཞི་ག་གེ་མོའི་ཞི་བདེ་སྲུང་སྐྱོབ་སྦྱོང་བརྡར་སྒར་སར་སྦྱོང་བརྡར་ལྟ་སྦྱོང་བརྗེ་རེས་བྱ་འགུལ་སྤེལ། 

ཐེངས་འདིའི་སྦྱོང་བརྡར་ལྟ་སྦྱོང་བརྗེ་རེས་བྱ་འགུལ་ལ་གཅིག་གྱུར་འཆར་འགོད་དང་རིམ་བཞིན་ལག་བསྟར། ཕན་ཚུན་བརྗེ་རེས་བཅས་ཀྱི་ཐབས་སྤྱད་དེ་རྩ་འཛུགས་བྱས་ཡོད་པ་དང་། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་ཡན་ལག་རུ་ཁག་གིས་སོ་སོར་འཇིགས་སྐུལ་འཇབ་རྒོལ་ཐག་གཅོད་པ་དང་ཉེན་ཟོན་སྐོར་ཞིབ། དྲག་ཆས་འགེབས་སྲུང་། གནས་སྐབས་འགུལ་སྐྱོད་རྟེན་གཞིའི་འཛུགས་སྐྲུན་སོགས་རྣམ་གྲངས་སྦྱོང་བརྡར་བྱས་པ་དང་། དེ་ནི་རྒྱལ་ཁབ་སོ་སོའི་འཁྲབ་སྟོན་ལ་ཞུགས་པའི་དཔོན་རིགས་ཀྱིས་ཐོག་དང་པོར་ཚོགས་ར་གཅིག་ནས་དཔེ་སྟོན་རང་བཞིན་དང་དཔྱད་བསྡུར་རང་བཞིན་ལྡན་པའི་སྦྱོང་བརྡར་ལྟ་སྦྱོང་བྱ་འགུལ་རྩ་འཛུགས་བྱས་པ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དགུ་བའི་ཚེས་དྲུག་ཉིན། སྦྱོང་བརྡར་དངོས་སུ་མགོ་བརྩམས་པའི་ཚུན་ལ། བསྟུད་མར་ཉིན་དྲུག་རིང་གི་ཆེད་ལས་སྦྱོང་བརྡར་སྤེལ་བ་དང་། སྦྱོང་བརྡར་ལ་ཞུགས་པའི་དཔོན་དམག་གིས་རང་རང་གི་སྦྱོང་བརྡར་ར་བ་ནས་སྒྲིག་ཆས་རྐྱང་བ་དང་བསླབ་ཚན་རྐྱང་བའི་སྦྱོང་བརྡར་ཡོངས་འགྲུབ་བྱས། ཀྲུང་གོའི་དམག་དཔུང་གིས་ཕྱི་རྒྱལ་གྱི་སྦྱོང་བརྡར་ལ་ཞུགས་པའི་དཔོན་དམག་དག་ལ་སྒྲིག་ཆས་བེད་སྤྱོད་ཀྱི་བརྙན་རིས་སློབ་ཁྲིད་དང་ཆེད་ལས་སྦྱོང་བརྡར་མཁན་གྱི་འགན་སྲུང་འདོན་སྤྲོད་བྱེད་པར་གྲ་སྒྲིག་བྱས། ད་རུང་སྦྱོང་བརྡར་དང་འབྲེལ་ནས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་ཁྲིད་ཁང་ཆེན་མོ་རྩ་འཛུགས་བྱས། 

ཚེས་བཅུ་གཉིས་ཉིན། ཉིས་སྟོང་ཉེར་གཅིག་ལོའི་ཐུན་མོང་ལས་དབང་ཞེས་པའི་རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོབ་དམག་མིའི་སྦྱོང་བརྡར་དེ་འདྲེས་མའི་རུ་སྒྲིག་མཉམ་སྦྱོང་དུས་རིམ་དུ་ཞུགས་རྒྱུ་ཡིན་པ་དང་། སྦྱོང་བརྡར་ལ་ཞུགས་པའི་དཔོན་དམག་གིས་འཐབ་འཛིང་རུ་སྒྲིག་གཞིར་བཟུང་སྟེ་རྣམ་གྲངས་མང་བོ་བསྟུད་མར་སྤེལ་བའི་ཐབས་ཀྱིས་རོགས་ལས་སྦྱོང་བརྡར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།