ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ། ཨ་རིའི་ནད་དུག་ཁུངས་འདེད་ཀྱི་སྙན་ཞུ་ནི་ཆབ་སྲིད་ཀྱི་སྙན་ཞུ་དང་སྐྱོན་འགེལ་གྱི་སྙན་ཞུ། སྙན་ཞུ་རྫུན་མ་བཅས་རེད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིང་གིས་ཚེས30ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་དྲི་བར་ལན་འདེབས་སྐབས་བསྟན་དོན། ཨ་རིའི་གསང་འཕྲིན་སྡེ་ཁག་གིས་ཡོངས་བསྒྲགས་བྱས་པའི་ཁུངས་འདེད་སྙན་ཞུ་དེ་ནི། ཆབ་སྲིད་ཀྱི་སྙན་ཞུ་དང་སྐྱོན་འགེལ་གྱི་སྙན་ཞུ། སྙན་ཞུ་རྫུན་མ་བཅས་རེད། ཀྲུང་གོས་ཨ་རི་ཕྱོགས་ཀྱིས་ཁུངས་འདེད་ལ་ཁ་གཡར་ཏེ་སྐྱོན་འགེལ་དང་རང་འགན་གཞན་དཀྲི་བྱེད་པའི་གཡོ་ཐབས་མཚམས་བཞག་སྟེ། སྔ་མོ་ནས་མཉམ་ལས་རིམས་འགོག་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཁུངས་འདེད་བྱེད་པའི་བགྲོད་ལམ་སྟེང་ཡོང་བར་སྐུལ་འདེད་བྱེད་ཀྱིན་ཡོད།

ཝང་ཝུན་པིང་གིས་བཤད་རྒྱུར། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་མ་ཀྲའོ་ཞུས་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཙེང་དབྱི་ཞིན་གཉིས་ཀྱིས་སོ་སོར་གཏམ་གླེང་འགོད་པ་དང་བཅར་འདྲི་དང་ལེན་བྱེད་པའི་རྣམ་པས་ཀྲུང་གོའི་ཕྱོགས་ཀྱི་ལངས་ཕྱོགས་གསལ་བཤད་བྱས། “ཨ་རིའི་གསང་འཕྲིན་སྡེ་ཁག་གིས་ཡོངས་བསྒྲགས་བྱས་པའི་ཁུངས་འདེད་སྙན་ཞུ་དེ་ནི། ཚན་རིག་དང་འགལ་བའི་ཆབ་སྲིད་ཀྱི་སྙན་ཞུ་ཞིག་ཡིན་པས། ཁུངས་འདེད་ལ་ཁ་གཡར་ཏེ། ཨ་རི་རང་ཉིད་ཀྱིས་ནད་ཡམས་འགོག་རྒོལ་གྱི་ལས་འགན་ལ་ཕམ་ཁ་བྱུང་བའི་རང་འགན་གཞན་དཀྲི་ཡི་སྙན་ཞུ་ཞིག་དང་། ཁ་གཡར་ས་བཙལ་ཏེ། ཀྲུང་གོའི་ཕྱོགས་ལ་སྐྱོན་འཛུགས་པའི་སྙན་ཞུ་རྫུན་མ་ཞིག་རེད། དེ་ནི་སྔོན་ཆད་དབྱི་རག་ལ་གསོད་རྨས་རང་བཞིན་གྱི་མཚོན་ཆ་འབོར་ཆེན་ཡོད་པའི་དཀྲོག་གཏམ་བསྒྲགས་པ་ནང་བཞིན། སྙན་ཞུ་འདི་ནི་ཨ་རིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལོག་ཁྲིད་དང་མགོ་སྐོར་གཏོང་བའི་ཁུངས་སྐྱེལ་དཔེ་མཚོན་ཞིག་རེད། ”

“ཨ་རི་ཕྱོགས་ཀྱིས་ཚན་རིག་པ་མི་སྤྱོད་པར་གསང་འཕྲིན་སྡེ་ཁག་སྤྱད་དེ་ཁུངས་འདེད་བྱེད་དོན་ཅི་ཡིན་པ་དང་། གསང་འཕྲིན་སྡེ་ཁག་སྤྱད་དེ་ཁུངས་འདེད་བྱས་པ་དེས་དོན་དངོས་སུ་གནས་ཚུལ་ངོ་མ་འཚོལ་བ་ཡིན་ནམ་ཡང་ན‘གནས་ཚུལ་ངོ་མ’རྫུན་བཟོ་བྱས་པ་གང་ཡིན་འགྲེལ་བཤད་གསལ་པོ་བྱེད་འོས་ལ། ཨ་རི་ཕྱོགས་ཀྱིས་ད་རུང་ཡང་ཚན་རིག་གི་གཞི་འཛིན་ས་མེད་པའི་ཚོད་ལྟ་ཁང་ནས་ཕྱིར་གྱར་སྨྲ་བའི་གླེང་ཕྱོགས་དེ་ཡང་ནས་བསྐྱར་དུ་གླེང་དགོས་དོན་ཅི་ཡིན་པ་དང་།གསང་འཕྲིན་གྱི་སྟོབས་ཤུགས་ཡོད་ཚད་བཀོལ་ཡང་བདེན་དཔང་མི་རྙེད་ནའང་། ཨ་རི་ཕྱོགས་ཀྱིས་སྔར་བཞིན་ཚོད་ལྟ་ཁང་ནས་ཕྱིར་གྱར་སྨྲ་བའི་གླེང་ཕྱོགས་དེ་མི་འདོར་དོན་ཅི་ཡིན་པར་འགྲེལ་བཤད་གསལ་པོ་བྱེད་འོས། དེ་ནི་ཆབ་སྲིད་ཀྱི་སྤྱོད་ལམ་ཞིག་མ་ཡིན་ནམ། ཨ་རི་ཕྱོགས་ཀྱིས་ད་དུང་ཨ་རི་རྒྱལ་ཁབ་ལ་འཛམ་གླིང་གི་ཆེས་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་དང་ལག་རྩལ་ཡོད་བཞིན་དུ། འཛམ་གླིང་ཡོངས་ནས་ནད་འགོས་པ་དང་ཤི་ཚད་ཆེས་མང་བའི་རྒྱལ་ཁབ་ཏུ་གྱུར་དོན་ཅི་ཡིན་པར་འགྲེལ་བཤད་གསལ་པོ་བྱེད་འོས” ཞེས་ཝང་ཝུན་པིང་གིས་དེ་ལྟར་བཤད།

ཁོས་བསྟན་དོན། རིམས་ནད་བྱུང་ཚུན་ལ། ཨ་རིའི་ཕྱོགས་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནད་འགག་གི་དུས་སུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལས་ཕྱིར་བུད་པ་དང་། འཛམ་གླིང་ཡོངས་ལ་འགོག་ཁབ་ཆེས་མཁོ་བའི་སྐབས་དེར་འགོག་ཁབ་ཕྱིར་གཏོང་བྱེད་ཚད་གཏན་འགོག་བྱས་ལ། ཀྲུང་གོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དུས་རིམ་དང་པོའི་ཁུངས་འདེད་ཞིབ་འཇུག་ལ་རྒྱལ་ཁ་བླངས་རྗེས་ཚོད་ལྟ་ཁང་ནས་ཕྱིར་གྱར་བའི་གླེང་ཕྱོགས་འུད་སྒྲོག་བྱས། ཨ་རི་ཕྱོགས་ཀྱི་བྱ་སྤྱོད་དེས་ཨ་རི་རང་ཉིད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྩ་བ་ནས་ཕམ་ཁ་བཟོས་ཏེ། ཨ་རིའི་མང་ཚོགས་ལ་ཡ་ང་བའི་རིན་དོད་སྤྲོད་དུ་བཅུག་ལ། རྒྱལ་སྤྱིའི་ཁུངས་འདེད་མཉམ་ལས་ཀྱི་སྣང་ཚུལ་ལ་བསླད་སྐྱོན་ཚབས་ཆེན་བཟོས་ཏེ། ཁུངས་འདེད་ནི་ཉིན་རེ་ལས་ཉིན་རེར་ཡང་དག་པའི་ཁ་ཕྱོགས་དང་རིང་དུ་གྱེས་པ་དང་། ཨ་རི་ནི་རྒྱལ་སྤྱིའི་ནད་ཡམས་འགོག་རྒོལ་མཉམ་ལས་ལ་གཏོར་བརླག་གཏོང་བའི་རྒྱུ་རྐྱེན་ཆེས་ཆེ་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཁུངས་འདེད་བྱེད་པའི་བཀག་རྒྱ་ཆེས་ཆེ་བར་གྱུར།

ཁོས“མི་རྣམས་ཀྱིས་ཨ་རིའི་མི་དམངས་ཀྱི་ཚེ་སྲོག་གལ་ཆེའམ། ཡང་ན་སྲིད་ཚོང་པ་རྣམས་ཀྱི་མི་སྒེར་གྱི་ཁེ་བཟང་གལ་ཆེ་བ་དང་། འཛམ་གླིང་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་གལ་ཆེའམ། ཡང་ན་ཨ་རི་རྒྱལ་ཁབ་ཀྱི་ས་ཁམས་རྒྱུ་རྐྱེན་གྱི་ཆབ་སྲིད་ལ་བསམ་གཞིག་གཏོང་རྒྱུ་གལ་ཆེ། ཨ་རི་རྒྱལ་ཁབ་ཀྱིས་ནད་ཡམས་འགོག་རྒོལ་དང་ཁུངས་འདེད་ཆབ་སྲིད་ཅན་དུ་བསྒྱུར་བ་དེ་དུས་ནམ་ཞིག་གི་བར་དུ་རྒྱུན་བསྲིང་རྒྱུ་ཡིན་ནམ་ཞེས་རང་དབང་མེད་པར་འདྲི་དགོས་བྱུང་ཡོད”ཟེར།

ཝང་ཝུན་པིང་གིས་བཤད་རྒྱུར། ནད་དུག་ལ་གདོང་གཏོད་སྐབས། རྒྱལ་ཁབ་སོ་སོའི་ལས་དབང་དང་དར་རྒུད་གཅིག་ཏུ་སྦྲེལ་ཡོད། རིམས་ནད་ལ་འགོག་རྒོལ་བྱེད་དགོས་ན། ཚན་རིག་དང་མཐུན་སྒྲིལ་མཉམ་ལས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དུས་ནམ་ཡང་མཉམ་ལས་སྒོས་རིམས་ནད་འགོག་རྒོལ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁུངས་འདེད་པ་རྒྱུན་འཁྱོངས་བྱེད་པ་དང་། རིམས་ནད་འགོག་རྒོལ་དང་ཁུངས་འདེད་ཆབ་སྲིད་ཅན་དུ་བསྒྱུར་བའི་ནོར་འཆུག་གི་སྤྱོད་ལམ་ལ་དུས་ནམ་ཡང་ངོ་རྒོལ་བྱེད་པ་དང་། རྒྱལ་སྤྱིའི་རིམས་ནད་འགོག་རྒོལ་དང་ཁུངས་འདེད་མཉམ་ལས་ལ་དུས་ནམ་ཡང་འབད་འབུངས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སྔ་མོ་ནས་རིམས་ནད་ལས་རྒྱལ་བར་བྱེད་རྒྱུ་ཡིན། “ང་ཚོས་ཨ་རི་ཕྱོགས་ཀྱིས་ཚེ་སྲོག་ལ་གཅེས་སྐྱོང་དང་། ཚན་རིག་ལ་བརྩི་བཀུར། ཁུངས་འདེད་ལ་ཁ་གཡར་ཏེ་སྐྱོན་འགེལ་དང་རང་འགན་གཞན་དཀྲི་བྱེད་པའི་གཡོ་ཐབས་མཚམས་བཞག་སྟེ། སྔ་མོ་ནས་མཉམ་ལས་སྒོས་ནད་ཡམས་འགོག་རྒོལ་དང་།ཚན་རིག་དང་མཐུན་པའི་སྒོ་ནས་ཁུངས་འདེད་བྱེད་པའི་བགྲོད་ལམ་སྟེང་ཡོང་བར་སྐུལ་འདེད་བྱེད་ཀྱིན་ཡོད། །”

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།