དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་ནུས་མེད་སྲིད་ཇུས་ལག་བསྟར་བྱས་པར་སྐྱོན་བརྗོད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་སུམ་ཅུ་ཉིན་བསྟན་དོན། དབྱི་ལིང་གིས་མིག་སྔར་ཨ་མེ་རི་ཁའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཐད་ཀྱི་རྣམ་འགྱུར་ལ་འགྱུར་ལྡོག་བྱུང་བ་མཐོང་མེད་པ་དང་། ད་ལྟའི་ཨ་མེ་རི་ཁའི་པེད་ཏིན་སྲིད་གཞུང་གིས་སྔར་བཞིན་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ཀྱི་ནུས་མེད་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ད་ལོའི་ཟླ་བཞི་བའི་ཚུན་ལ་ཝེ་ཡེ་ནཱ་ནས་སྤེལ་བའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་བར་གྱི་གྲོས་མོལ་དེའི་དམིགས་ཡུལ་ནི་གྲོས་མཐུན་མ་ཡིག་གསར་བ་འབྱུང་བའི་ཆེད་མ་ཡིན་པར། ཨ་མེ་རི་ཁ་ཡང་བསྐྱར་དེའི་སྔོན་བཀོད་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་སུ་འཇུག་རྒྱུ་དེ་ཡིན། སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་བའི་དུས་ཚོད་དེ་འབྲེལ་ཡོད་ཕྱོགས་ཀྱི་ཐུན་མོང་ལྟ་ཚུལ་ལ་རག་ལས་ཡོད་ཟེར། 

ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན། དབྱི་ལིང་གི་གསར་དུ་འགན་ཁུར་བའི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་གྲོས་ཁང་གིས་རང་གི་འགན་འཁྲིའི་ཐོབ་ཐང་ལ་གྲོས་ཞིབ་བྱེད་པ་དང་ལེན་བྱེད་སྐབས་བསྟན་དོན། དབྱི་ལིང་རྒྱལ་ཁབ་དབྱི་ལིང་མི་དམངས་ཀྱི་ཁེ་ཕན་དང་འཚམ་པའི་ལུགས་མཐུན་གྱི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ལ་ཞུགས་འདོད་ཡོད་པ་དང་། འབད་བརྩོན་ཆེན་པོས་ཨ་མེ་རི་ཁའི་བཀག་སྡོམ་གྱི་ཤུགས་རྐྱེན་མེད་པར་གཏོང་རྒྱུ་མ་ཟད། ཞོར་དུ་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།