ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་ཨ་ཧྥུའུ་ཧན་གནས་བབ་ལས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཡུལ་གྱར་བའི་གནོན་ཤུགས་ཇེ་ཆེར་འགྲོ་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ནང་ཁུལ་ལས་དོན་གྱི་འགན་ཁུར་བའི་ཨུ་ཡོན་ཡའོ་ཧན་སུང་གིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། ཨ་ཧྥུའུ་ཧན་གྱི་གནས་བབ་གཏན་འཇགས་མིན་པ་ལས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཡུལ་གྱར་བའི་གནོན་ཤུགས་ཇེ་ཆེར་འགྲོ་སྲིད་ཟེར། ཁོ་མོས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་ཨ་ཧྥུའུ་ཧན་གྱི་ཡུལ་གྱར་བ་དང་ལེན་བྱེད་པར་གྲ་སྒྲིག་གང་ལེགས་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉིན་དེར་ནང་སྲིད་པུའུ་ཀྲང་གི་གྲོས་ཚོགས་བསྡུས་ཏེ། ཨ་ཧྥུའུ་ཧན་གྱི་གནས་བབ་ལས་འབྱུང་སྲིད་པའི་ཡུལ་གྱར་བའི་གནད་དོན་ལ་གྲོས་བསྡུར་བྱས། ཡའོ་ཧན་སུང་གིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་འབྱུང་སྲིད་པའི་གནས་ཚུལ་ཚང་མར་གྲ་སྒྲིག་བྱེད་དགོས་པ་དང་། མི་རྣམས་ཀྱིས་བདེ་འཇགས་མིན་པ་དང་རྒྱུན་སྲོལ་དང་འགལ་བ། ཚོད་འཛིན་བྱེད་ཐབས་མེད་པའི་ཐབས་ལམ་ལ་བརྟེན་ནས་ཡོ་རོབ་གླིང་དུ་ཡོང་བར་བཀག་འགོག་བྱེད་དགོས་ཟེར། ཁོ་མོས་ད་རུང་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་ཧྥུའུ་ཧན་དུ་ཐད་ཀའི་ཉེན་ཁ་འབྱུང་བཞིན་པའི་མི་རྣམས་བསྐྱུར་མི་སྲིད་ཟེར། 

ཡའོ་ཧན་སུང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཡུལ་གྱར་བའི་བཀོད་སྒྲིག་བྱ་བར་ཤུགས་སྣོན་བྱས་ཏེ། སྲུང་སྐྱོབ་བྱེད་དགོས་པའི་མིར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོ་མོས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཁོངས་གཏོགས་རྒྱལ་ཁབ་བར་གྱི་མཐུན་སྦྱོར་གནད་དོན་ལ་རོགས་རམ་བྱེད་འདོད་ཡོད་པར་མ་ཟད། དོན་དེའི་ཐད་དགོས་ངེས་ཀྱི་ནོར་སྲིད་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར། ཨ་ཧྥུའུ་ཧན་གྱི་མི་མང་བོ་ཨ་ཧྥུའུ་ཧན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཏུ་བྲོས་བྱོལ་བྱས་ཡོད་པས། ཡོ་རོབ་གླིང་མནའ་འབྲེལ་གྱིས་རྒྱལ་ཁབ་དེ་དག་ལ་རྒྱབ་སྐྱོར་བྱེད་དགོས་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་གྱི་བསྡོམས་རྩིས་གཞི་གྲངས་ལྟར་ན། ཉིས་སྟོང་ཉི་ཤུ་ལོའི་ལོ་མཇུག་གི་བར་དུ། ཨ་ཧྥུའུ་ཧན་གྱི་མངའ་ཁོངས་སུ་མི་ས་ཡ་གཉིས་དང་འབུམ་དགུ་ལ་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད། ཁ་གྲངས་དེ་ད་ལོར་འབུམ་ལྔ་དང་ཁྲི་ལྔས་ཇེ་མང་དུ་སོང་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།