ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་མིག་སྔར་ཆེས་དགོས་གལ་ཆེ་བའི་ལས་འགན་ནི་གང་ནུས་ཀྱིས་ཨ་ཧྥུའུ་ཧན་ནས་མི་སྔར་ལས་མང་བོ་ཕྱིར་འཐེན་བྱེད་རྒྱུ་དེ་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཨ་ཧྥུའུ་ཧན་སྲིད་གཞུང་དེ་བློ་ཡུལ་ལས་འདས་པའི་མྱུར་ཚད་ཀྱིས་རྩ་རྫོགས་བྱས་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་མིག་སྔའི་ཆེས་དགོས་གལ་ཆེ་བའི་ལས་འགན་ནི་གང་ནུས་ཀྱིས་ཨ་ཧྥུའུ་ཧན་ནས་མི་སྔར་ལས་མང་བོ་ཕྱིར་འཐེན་བྱེད་རྒྱུ་དེ་ཡིན་ཟེར། 

བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་འཐུས་མིས་ཉིན་དེར་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་ནས་ཨ་ཧྥུའུ་ཧན་གནས་བབ་ཐད་ནས་དམིགས་བསལ་གྲོས་ཚོགས་བསྡུས། སི་ཐའོ་ཨར་ཐིན་པེ་ཀི་ཡིས་གྲོས་ཚོགས་གྲོལ་རྗེས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འདས་པའི་གཟའ་འཁོར་འགའི་རིང་ལ། ཨ་ཧྥུའུ་ཧན་སྲིད་གཞུང་སྲིད་གཞུང་དེ་དམག་དོན་དང་ཆབ་སྲིད་ཐད་ནས་བློ་ཡུལ་ལས་འདས་པའི་མྱུར་ཚད་ཀྱིས་རྩ་རྫོགས་བྱས་སོང་། ཨ་ཧྥུའུ་ཧན་གྱི་སྲིད་གཞུང་དམག་དཔུང་སྐོར་ཞིག་གིས་སྤོབས་པ་ཆེན་པོས་འཐབ་འཛིང་བྱས་ཀྱང་། མཇུག་མཐར་མགོ་ཁྲིད་རིམ་པས་ཐཱ་ལེ་པན་བཀག་འགོག་བྱེད་མ་ཐུབ་པ་དང་། ཨ་ཧྥུའུ་ཧན་གནད་དོན་དེ་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པ་ཡང་མངོན་འགྱུར་བྱུང་མེད་ཟེར། 

སི་ཐའོ་ཨར་ཐིན་པེ་ཀི་ཡིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་འད་སཔའི་ལོ་ངོ་ཉི་ཤུའི་ནང་ཨ་ཧྥུའུ་ཧན་ལ་དངུལ་གཏོང་མང་དུ་བྱས་ཀྱང་། ཨ་ཧྥུའུ་ཧན་སྲིད་གཞུང་འདི་ལྟར་གློ་བུར་དུ་རྩ་རྫོགས་བྱས་སོང་། དེའི་ནང་བསླབ་བྱ་མི་ཉུང་བ་བསྡུ་ལེན་བྱེད་རྒྱུ་ཡོད། བྱང་ཆིངས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་གྱི་འགུལ་སྐྱོད་ལ་ལྷག་བསམ་རྣམ་དག་དང་ཀླད་པ་གསལ་བོས་དཔྱད་འཇོག་བྱེད་དགོས་ཟེར། 

སི་ཐའོ་ཨར་ཐིན་པེ་ཀི་ཡིས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱི་མིག་སྔའི་དགོས་གལ་ཆེ་བའི་ལས་འགན་ནི་གང་ནུས་ཀྱིས་ཨ་ཧྥུའུ་ཧན་ནས་མི་སྔར་ལས་མང་བོ་ཕྱིར་འཐེན་བྱེད་རྒྱུ་དེ་ཡིན་ཟེར། མིག་སྔར་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་ནས་ཡོང་བའི་རིག་གནས་བྱ་བ་བྱེད་མཁན་མི་བརྒྱད་བརྒྱ་ཙམ་སྔར་བཞིན་ཨ་ཧྥུའུ་ཧན་དུ་ཡོད་ལ། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་གྱི་གནམ་གྲུ་ཐང་གི་འཁོར་སྐྱོད་བདེ་བླག་ཡོང་བར་རོགས་རམ་བྱེད་བཞིན་ཡོད་ཟེར། 

སི་ཐའོ་ཨར་ཐིན་པེ་ཀི་ཡིས་ད་རུང་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་མང་ཚོགས་སྐོར་ཞིག་རྒྱལ་ཁབ་དང་འབྲལ་བའི་རེ་འདུན་ལ་བརྩི་འཇོག་བྱེད་པ་དང་། རྒྱུ་ལམ་དང་མཐའ་མཚམས་སྒོ་འབྱེད་བྱེད་པ་སྲུང་འཛིན་སྒོས། དབང་ཆ་ཞི་བའི་སྒོ་ནས་བརྒྱུད་སྤྲོད་བྱེད་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ནན་གྱིས་བསྟན་དོན། ཐཱ་ལེ་པན་གྱིས་ཨ་ཧྥུའུ་ཧན་ཡང་བསྐྱར་འཇིགས་སྐུལ་རིང་ལུགས་འབྱུང་སའི་གནས་སུ་འགྱུར་དུ་འཇུག་མི་རུང་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།