ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཆི་ཏོན་བྱང་མས་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་ཞིག་མཐར་སྐྲོད་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཱ་ཆི་ཏོན་བྱང་མའི་ཕྱི་འབྲེལ་བློན་ཆེན་ཨོ་སི་མཱ་ནེ་ཡིས་ཚེས་བཅུ་བདུན་ཉིན་བདེན་དཔང་བྱས་དོན། མཱ་ཆི་ཏོན་བྱང་མར་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་པོ་ཞིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་ཏེ་རང་གི་མངའ་ཁོངས་ནས་མཐར་སྐྲོད་བཏང་ཡོད་ཟེར། 

ཨོ་སི་མཱ་ནེ་ཡིས་ཉིན་དེར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གསང་བའི་དབང་གིས་ཁོས་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་དེའི་འབྲེལ་ཡོད་གནས་ཚུལ་ཞིབ་ཏུ་བརྗོད་ཐབས་མེད་ཟེར། 

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། མཐར་སྐྲོད་བཏང་བའི་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་དེ་ནི་མཱ་ཆི་ཏོན་བྱང་མར་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གི་དྲག་དཔོན་གཞོན་པ་ཡིན་ལ། ཁོས་མཱ་ཆི་ཏོན་བྱང་མའི་འབྲེལ་ཡོད་ཀྱི་ཕྱི་འབྲེལ་གཏན་འཁེལ་བརྩི་སྲུང་མ་བྱས་པ་རེད་ཟེར། 

དེ་ནི་མཱ་ཆི་ཏོན་བྱང་མས་ད་ལོའི་ཚུན་ལ་མཐར་སྐྲོད་བཏང་བའི་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་གཉིས་པ་རེད། ཟླ་ལྔ་བར། མཱ་ཆི་ཏོན་བྱང་མས་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་ཞིག་དགའ་བསུ་མི་བྱེད་པའི་མིར་ཁྱབ་བསྒྲགས་བྱས་ཏེ་རང་གི་མངའ་ཁོངས་ནས་མཐར་སྐྲོད་བཏང་། དེའི་ལན་དུ་ཨུ་རུ་སི་ཡིས་ཟླ་དྲུག་པར་ཨུ་རུ་སི་རུ་སྡོད་པའི་མཱ་ཆི་ཏོན་བྱང་མའི་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་པོ་ཞིག་མཐར་སྐྲོད་བཏང་བ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།