ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་ཧྥ་ལཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧྥ་ལཱ་བཙན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཚེས་བཅུ་ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཐཱ་ལེ་པན་གྱིས་ནུབ་ཕྱོགས་ཀྱི་ཧྥ་ལཱ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧྥ་ལཱ་བཙན་བཟུང་བྱས་ཡོད་ཟེར། 

མིག་སྔའི་བར་དུ་ཨ་ཧྥུའུ་ཧན་སྲིད་གཞུང་གིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། 

ཧྥ་ལཱ་ཞིང་ཆེན་གྱི་གྲོས་མི་ཨ་པུའུ་པེ་ཁི་ཨར་གྱིས་གསར་འགོད་པར་བཤད་རྒྱུར། མི་སེར་དཀྱུས་མར་ཤི་རྨས་འབྱུང་བར་སྔོན་འགོག་བྱེད་ཆེད། སྲིད་གཞུང་དམག་དཔུང་ཧྥ་ལཱ་གྲོང་ཁྱེར་ནས་ཕྱིར་འཐེན་བྱས་ཡོད་པ་དང་། ཚེས་བཅུ་ཉིན་གྱི་ཕྱི་དྲོར་མཁར་ཕྱིའི་དམག་དོན་རྟེན་གཞི་ཞིག་ཏུ་ཕྱིར་འཐེན་བྱས་ཡོད་ཟེར། 

ཨ་མེ་རི་ཁའི་དམག་དཔུང་ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་བཟུང་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་མགོ་བརྩམས་པའི་ཚུན་ལ། དེ་ནི་ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་བཙན་བཟུང་བྱས་པ་ཁྱབ་སྒྲོག་བྱས་པའི་ཞིང་ཆེན་ལྟེ་གནས་ཀྱི་གྲོང་ཁྱེར་བདུན་པ་རེད། དེའི་འཕྲོའི་གྲོང་ཁྱེར་དྲུག་ནི་སཱ་མན་ཀན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཨེ་པཱ་ཁི་དང་། ཐཱ་ཧཱ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཐཱ་ལུའུ་ཁན། ཁོན་ཏུའུ་ཧྲི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁོན་ཏུའུ་ཧྲི། སཱ་ཨར་ཕུའུ་ལེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་སཱ་ཨར་ཕུའུ་ལེ། ཀྲོའུ་ཙི་ཀྲན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཞེ་པུས་ཨ་ཀན། ནེ་མུའུ་ལུའུ་ཙི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཀྲ་ལན་ཅི་བཅས་རེད། 

ཐཱ་ལེ་པན་གྱི་དཔུང་འཇུག་དྲག་པོར་དམིགས་ཏེ། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཟླ་འདིའི་ཚེས་དགུ་ཉིན་ཕྱོགས་ཁག་སོ་སོའི་མགོ་ཁྲིད་པའི་གྲོས་ཚོགས་བསྡུས། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་བཞུགས་ཤག་གིས་བསྟན་དོན། གྲོས་ཚོགས་ནས་ས་ཁུལ་སོ་སོའི་དམངས་དམག་དྲག་ཆས་པ་སྐུལ་སློང་བྱེད་པ་དང་། དམངས་དམག་དྲག་ཆས་པས་ཐཱ་ལེ་པན་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཐག་བཅད་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།