ཀྲུང་གོ་བོད་ཀྱི་དྲ་བ།

ཚན་རིག་པས་ཐལ་དྲགས་པའི་ནམ་ཟླ་ཇེ་མང་དུ་སོང་བའི་རྒྱུ་རྐྱེན་དེ་མིའི་རིགས་ཀྱི་འགུལ་སྐྱོད་ལ་འབྲེལ་བ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་བར་གྱི་ནམ་ཟླའི་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཚེས་དགུ་ཉིན་སྙན་ཞུ་སྤེལ་ཏེ། མ་འོངས་པའི་ལོ་ངོ་བཅུའི་ནང་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོར་ནམ་ཟླའི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ཐེབས་སྲིད། སྙན་ཞུ་རྩོམ་འབྲི་བྱེད་མཁན་གྱི་སུའེ་ཙེར་གྱི་ཚན་རིག་པ་ཕུའུ་ལཱ་ཐི་ནཱ་ཡིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། ད་ལོའི་དབྱར་ཁའི་ཡོ་རོབ་གླིང་གི་ཐལ་དྲགས་པའི་ནམ་ཟླ་དེ་འདྲ་མ་འོངས་པར་མང་དུ་འབྱུང་སྲིད་པ་དང་། དེ་མིའི་རིགས་ཀྱི་འགུལ་སྐྱོད་ལ་འབྲེལ་བ་ཡོད་ཟེར། 

སྙན་ཞུ་ལས་བསྟན་དོན། མ་འོངས་པི་ལོ་ངོ་བཅུའི་ནང་། ཚ་གདུག་ཆེ་བའི་དུས་ཚིགས་ཇེ་རིང་དུ་འགྲོ་བ་དང་འཁྱག་གྲང་ཆེ་བའི་དུས་ཚིགས་ཇེ་ཐུང་དུ་འགྲོ་པ་དང་། དེའི་ཞོར་དུ་ཐལ་དྲག་པའི་ཚ་གདུག་སོགས་ཀྱི་ནམ་ཟླ་སྔར་ལས་ཇེ་མང་དུ་སོང་སྟེ། ཞིང་ལས་དང་མིའི་ལུས་ཕུང་བདེ་ཐང་ལ་གནོད་པ་ཆེན་པོ་བཟོ་ངེས་རེད་ཟེར། 

སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ནགས་ཚལ་དང་ཁ་བའི་མཛེས་ལྗོངས་ཞིབ་འཇུག་ཁང་དུ་མཐོ་རིམ་ཚན་རིག་པའི་འགན་ཁུར་བའི་ཕུའུ་ལཱ་ཐི་ནཱ་ཡིས་བསྟན་དོན། མིའི་རིགས་ཀྱི་འགུལ་སྐྱོད་དང་དྲོད་རླངས་ཕྱིར་གཏོང་ནི་ནམ་ཟླའི་འགྱུར་ལྡོག་གི་རྒྱུ་རྐྱེན་གཙོ་བོ་ཡིན། ཚན་རིག་པས་བཀོལ་སྤྱོད་བྱེད་པའི་ནམ་ཟླའི་དཔེ་དབྱིབས་ལས་མངོན་པ་ལྟར་ན། དྲོད་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་ཐལ་དྲགས་པའི་ནམ་ཟླ་སྔར་ལས་ཚབས་ཆེན་དུ་གྱུར་ཡོད་ཟེར། 

ཁོས་བལྟས་ན། གལ་ཏེ་འཛམ་གླིང་ཧྲིལ་བོས་མྱུར་དུ་འགུལ་སྐྱོད་སྤེལ་ན། མིའི་རིགས་ཀྱིས་གནས་ཚུལ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་པའི་དུས་ཚོད་ཡོད་པར་འདོད། ཁོས་མི་ཚང་མས་མྱུར་དུ་འགུལ་སྐྱོད་སྤེལ་ཏེ་སའི་གོ་ལ་ཧྲིལ་བོ་ཇེ་དྲོར་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཕུའུ་ལཱ་ཐི་ནཱ་ཡིས་བཤད་རྒྱུར། དུས་རབས་འདིའི་དུས་དཀྱིལ་བར་དུ་ཐཱན་ཕྱིར་གཏོང་མེད་པ་མངོན་འགྱུར་བྱེད་པར་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོ་དང་མི་སྒེར་རེ་རེ་ནས་འགུལ་སྐྱོད་སྤེལ་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འགན་འཁྲི་གཙོ་བོ་ཁུར་དུ་བླངས་ནས་མྱུར་དུ་འགུལ་སྐྱོད་སྤེལ་དགོས་པ་ལས་རྒྱལ་ཁབ་གཞན་པས་འགུལ་སྐྱོད་སྤེལ་བར་ངང་སྒུག་བྱེད་མི་རུང་ཟེར། 

ཕུའུ་ལཱ་ཐི་ནཱ་ཡིས་བསྟན་དོན། གལ་ཏེ་དུས་རབས་འདིའི་དུས་དཀྱིལ་དུ་ཐཱན་ཕྱིར་གཏོང་མེད་པ་མངོན་འགྱུར་བྱུང་ན། ཕཱ་རེ་སིའི་ནམ་ཟླའི་འགྱུར་ལྡོག་གྲོས་ཆོད་ཁྲོད་ཀྱི་དྲོད་ཚད་ཇེ་མཐོར་འགྲོ་བའི་ཚད་དྲོད་གྲངས་གཅིག་དང་གྲངས་ཆུང་ལྔའི་ནང་ཚོད་འཛིན་བྱེད་པའི་དམིགས་འབེན་དེ་མངོན་འགྱུར་བྱེད་ཐུབ་ཟེར། 

ད་ལོར་དབྱིན་ཇིའི་ཀི་ལཱ་སི་ཀི་ནས་སྤེལ་རྒྱུ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་གྱི་རེ་སྒུག་གླེང་སྐབས། ཕུའུ་ལཱ་ཐི་ནཱ་ཡིས་སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་སྟེང་འཛམ་གླིང་ཡོངས་ཀྱི་མགོ་ཁྲིད་པས་ཐཱན་ཉུང་གཏོང་ཐད་ནས་གྲུབ་འབྲས་ཆེན་པོ་བརྩོན་ལེན་བྱེད་པར་ཡིད་འཐད་འབྱུང་བའི་རེ་བ་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།