ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ལི་བྱང་ཕྱོགས་ཀྱི་གྲོང་སྡེ་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་སེར་དཀྱུས་མ་ང་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལིའི་དཔོན་ཕྱོགས་སྨྱན་བྱད་ཀྱིས་ཚེས་དགུ་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་ཅཱ་ཨོ་ས་ཁུལ་ཆེན་མོའི་ཨང་སུང་ཀི་ཞིང་ཆེན་གྱི་གྲོང་སྡེ་འགར་ཚེས་བརྒྱད་ཉིན་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། མི་སེར་དཀྱུས་མ་ང་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཟེར། 

ས་དེའི་སྲིད་གཞུང་སྡེ་ཁག་གིས་བསྒྲགས་པ་ལྟར་ན། ཚེས་བརྒྱད་ཉིན། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣ་སྐོར་ཞིག་གིས་མཱ་ལི་དང་ནེ་ཀྲིར་གྱི་མཐའ་མཚམས་སུ་ཉེ་བའི་གྲོང་སྡེ་བཞིར་འཇབ་རྒོལ་བྱས་ནས། མི་སེར་དཀྱུས་མ་ང་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག དེའི་ནང་མི་བཅུ་གཉིས་ཀྱི་རྨས་སྐྱོན་ཚབས་ཆེན་རེད། འཇབ་རྒོལ་མཁན་གྱིས་གྲོང་སྡེ་ནས་འཕྲོག་བཅོམ་བྱས་ཤིང་མེར་བཏང་རྗེས་བྲོས་བྱོལ་བྱས་ཟེར། 

ས་དེའི་སྲིད་གཞུང་གིས་སྨན་བཅོས་མི་སྣ་མངག་ནས་འཇབ་རྒོལ་ཐེབས་པའི་གྲོང་སྡེའི་སྡེ་མིར་རོགས་སྐྱོར་བྱས་པ་དང་། མཱ་ལིའི་དམག་དཔུང་གིས་བདེ་སྲུང་ཐད་རོགས་འདེགས་བྱེད་དགོས་པའི་རེ་ཞུ་བཏོན་ཡོད། 

མིག་སྔའི་བར་དུ་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 

ཐེངས་འདིར་འཇབ་རྒོལ་ཐེབས་པའི་སྡེ་བ་དེ་ནེ་ཀྲིར་ནུབ་ངོས་ཀྱི་མཐའ་མཚམས་དང་འབྲེལ་ཡོད། ཉེ་བའི་ལོ་འགའི་རིང་ལ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཐལ་སྤྱོད་འཇིགས་སྐུལ་རྩ་འཛུགས་ཀྱིས་ནམ་རྒྱུན་ས་ཁུལ་དེར་འཇབ་རྒོལ་དོན་རྐྱེན་བཟོས་ནས། མི་སྣ་མང་བོར་ཤི་རྨས་བཟོས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།