ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་གིས་རྒྱལ་སྤྱིའི་དམག་དཔུང་གིས་གློ་བུར་དུ་དམག་ཕྱིར་འཐེན་བྱས་པ་དེས་ཨ་ཧྥུའུ་ཧན་གྱི་གནས་བབ་ཇེ་སྡུག་བཏང་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅ་ཉེ་ཡིས་ཚེས་གཉིས་ཉིན་བསྟན་དོན།    རྒྱལ་སྤྱིའི་དམག་དཔུང་གིས་གློ་བུར་དུ་དམག་ཕྱིར་འཐེན་བྱེད་རྒྱུ་ཐག་བཅད་པ་དེས་ཨ་ཧྥུའུ་ཧན་གྱི་གནས་བབ་ཇེ་སྡུག་བཏང་བ་དང་།   ཨ་ཧྥུའུ་ཧན་སྲིད་གཞུང་གིས་དུས་ཡུན་ཟླ་དྲུག་གི་བདེ་འཇགས་འཆར་གཞི་ཞིག་གཏན་འབེབས་བྱས་ཏེ་འཐབ་རའི་གནས་བབ་ལེགས་བཅོས་བྱེད་རྒྱུ་ཡིན་ཟེར།

ཅ་ཉེ་ཡིས་ཉིན་དེར་ཨ་ཧྥུའུ་ཧན་རྒྱལ་དམངས་གྲོས་ཚོགས་སྟེང་གཏམ་བཤད་སྐབས་བསྟན་དོན།   འདས་པའི་ཟླ་གསུམ་གྱི་རིང་ལ་ཨ་ཧྥུའུ་ཧན་གྱི་གནས་བབ་ཇེ་སྡུག་ཏུ་སོང་བ་དང་།   གནས་བབ་དེ་ནི་རྒྱལ་སྤྱིའི་དམག་དཔུང་གིས་གློ་བུར་དུ་དམག་ཕྱིར་འཐེན་བྱས་པ་ལས་བཟོས་པ་ཡིན།   ཁོས་ཨ་མེ་རི་ཁ་ལ་དམག་དཔུང་ཕྱིར་འཐེན་བྱས་རྗེས་མཇུག་འབྲས་མི་ལེགས་པ་འབྱུང་སྲིད་པའི་ཉེན་བརྡ་བཏང་མྱོང་།

ཅ་ཉེ་ཡིས་བསྟན་དོན།    ཨ་ཧྥུའུ་ཧན་སྲིད་གཞུང་གིས་དུས་ཡུན་ཟླ་དྲུག་ཡིན་པའི་འཆར་གཞི་གཏན་འབེབས་བྱས་ཏེ་བདེ་འཇགས་གནས་བབ་ལ་འགན་སྲུང་བྱེད་རྒྱུ་ཡིན་པ་དང་།   ཨ་ཧྥུའུ་ཧན་སྲིད་གཞུང་ལ་བདེ་འཇགས་གནས་བབ་འགན་སྲུང་བྱེད་པའི་ནུས་པ་ཡོད་པར་ཁོ་ལ་ཡིད་ཆེས་ཡོད་ཟེར།  ཡིན་ཡང་ཁོས་འཆར་གཞིའི་བྱེ་བྲག་གི་ནང་དོན་ཁྱབ་བསྒྲགས་མ་བྱས།

ཅ་ཉེ་ཡིས་གཏམ་བཤད་ཁྲོད་ད་རུང་ཐ་ལེ་པན་ལ་ཞི་བའི་གྲོས་མོལ་བྱེད་པའི་ལྷག་བསམ་མེད་པར་སྐྱོན་འཛུགས་བྱས་པར་མ་ཟད།     ཕྱི་རྒྱལ་འཇིགས་སྐུལ་རྩ་འཛུགས་བར་འབྲེལ་ཐག་བཅད་མེད་པར་སྐྱོན་འཛུགས་བྱས།

ཨ་ཧྥུའུ་ཧན་རྒྱལ་དམངས་གྲོས་ཚོགས་ཀྱིས་དེའི་རྗེས་སུ་གསལ་བསྒྲགས་སྤེལ་ནས།    ཨ་ཧྥུའུ་ཧན་སྲིད་གཞུང་གི་བདེ་འཇགས་འཆར་གཞི་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་།    ཐ་ལེ་པན་གྱིས་འཁྲུག་རྩོད་མཚམས་བཞག་ནས་ཞི་བའི་གྲོས་མོལ་ཁྲོད་ཞུགས་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།