ཀྲུང་གོ་བོད་ཀྱི་དྲ་བ།

ཁོ་ལོམ་པི་ཡའི་སྲིད་གཞུང་གིས་འཇབ་རྒོལ་དོན་རྐྱེན་གཉིས་ཀྱི་བརྟག་དཔྱད་མཇུག་འབྲས་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོ་ལོམ་པི་ཡའི་སྲིད་གཞུང་གིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། སྔོན་ཆད་ཁོ་ལོམ་པི་ཡའི་གསར་བརྗེ་དྲག་ཆས་སྟོབས་ཤུགས་ཞེས་པའི་དྲག་ཆས་རྩ་འཛུགས་ཀྱི་ཁོངས་སུ་གཏོགས་པའི་ངོ་ལོག་མི་སྣས་རྒྱལ་ཁབ་དེའི་ཤར་བྱང་ཕྱོགས་ཀྱི་སང་ཐན་ཏི་བྱང་མ་ཞིང་ཆེན་ནས་ཟླ་སྔོན་མར་བྱུང་བའི་འཇབ་རྒོལ་དོན་རྐྱེན་དེ་གཉིས་བཟོས་པ་རེད་ཟེར།

ཁོ་ལོམ་པི་ཡའི་སྤྱིའི་ཞིབ་དཔྱོད་དཔོན་པར་ཝོ་སཱ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་མི་བཅུ་ཐམ་པ་འཛིན་བཟུང་བྱས་ཡོད་པ་དང་། དེའི་ནང་དུ་དམག་ཁོངས་ལས་ཕྱིར་བུད་པའི་དམག་དོན་ཞིག་ཀྱང་ཡོད་ཟེར།

ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། སང་ཐན་ཏི་བྱང་མ་ཞིང་ཆེན་ཁུའུ་ཁུའུ་ཐ་གྲོང་ཁྱེར་གྱི་དམག་སྒར་ཞིག་ལ་རླངས་འཁོར་འགས་གཏོར་གྱི་འཇབ་རྒོལ་ཐེབས་ནས། མི་སོ་དྲུག་རྨས། ཟླ་དེའི་ཚེས་ཉེར་ལྔ་ཉིན། ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁི་བསྡད་ཡོད་པའི་གྱེན་འཕུར་གནམ་གྲུ་ཁུའུ་ཁུའུ་ཐ་གྲོང་ཁྱེར་ནས་ཐང་ལ་འབབ་སྐབས་གློ་བུར་དུ་མེ་མདའི་འཇབ་རྒོལ་ཐེབས་ཏེ། གནམ་གྲུའི་ཐོག་ཏུ་མདེའུ་འགའ་ཕོག་ནའང་། སྟབས་ལེགས་པ་ཞིག་ལ་གནམ་གྲུ་ཁ་ལོ་བས་གནམ་གྲུ་ཐང་ལ་འབབ་ཏུ་བཅུག་པ་དང་། མི་སྣར་ཤི་རྨས་མ་ཐེབས།

ཁོ་ལོམ་པི་ཡའི་རྒྱལ་སྲུང་པུའུ་ཀྲང་མའོ་ལཱ་ནོ་ཡིས་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མ་གཞིར་ངོ་ལོག་མི་སྣའི་འཆར་གཞི་ནི་དམག་སྒར་ལ་འཇབ་རྒོལ་བྱས་རྗེས་ཙུང་ཐུང་ཏུའུ་ཁི་ཡུལ་དངོས་སུ་གཟིགས་བཤེར་དུ་ཡོང་ངེས་པས། ཁོ་ཚོས་སྐབས་དེ་དང་བསྟུན་ནས་ཙུང་ཐུང་ཏུའུ་ཁི་ལ་འཇབ་རྒོལ་བྱེད་རྒྱུ་དེ་རེད་ཟེར། གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་འཇབ་རྒོལ་དོན་རྐྱེན་དེ་གཉིས་ཀྱི་བྱུང་རིམ་ཞིབ་ཕྲ་བཤད་མེད།

ཁོ་ལོམ་པི་ཡའི་གསར་བརྗེ་དྲག་ཆས་སྟོབས་ཤུགས་ནི་སྔོན་ཆད་ཁོ་ལོམ་པི་ཡའི་མངའ་ཁོངས་ཀྱི་གཞི་ཁྱོན་ཆེས་ཆེ་བ་དང་རྩ་འཛུགས་ཆེས་དམ་པའི་སྲིད་གཞུང་ལ་རྒོལ་བའི་དྲག་ཆས་རྩ་འཛུགས་ཤིག་ཡིན། ཉིས་སྟོང་བཅུ་བདུན་ལོའི་ཟླ་དགུ་པར་མཚོན་ཆ་བསྐྱུར་ནས་སྲིད་དོན་ལ་ཞུགས་པ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། མིང་ལ་མང་ཚོགས་གསར་བརྗེ་ཚབ་མཚོན་སྟོབས་ཤུགས་ཞེས་པའི་སྲིད་ཏང་བཙུགས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།