ཝང་དབྱི་དང་ཨེ་ཅིབ་ཕྱི་འབྲེལ་དཔོན་ཧྲུའུ་ཁའེ་ལི་གཉིས་མཉམ་དུ་ཀྲུང་ཨེ་རྒྱལ་ཁབ་ཀྱི་པྲོག་གསར་རིམས་ནད་འགོག་སྨན་མཉམ་ལས་ཐོན་སྐྱེད་ལས་གཞིའི་འགོག་སྨན་ཁྲི100ཐོན་སྐྱེད་ཀྱི་མཛད་སྒོར་ཞུགས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ7པའི་ཚེས18ཉིན། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་དཔོན་ཝང་དབྱི་ཡིས་ཨ་ལ་མན་དུ་ཨེ་ཅིབ་ཀྱི་ཕྱི་འབྲེལ་དཔོན་ཧྲུའུ་ཁའེ་ལི་དང་མཉམ་དུ་ཀྲུང་ཨེ་རྒྱལ་ཁབ་ཀྱི་པྲོག་གསར་རིམས་ནད་འགོག་སྨན་མཉམ་ལས་ཐོན་སྐྱེད་ལས་གཞིའི་འགོག་སྨན་ཁྲི100ཐོན་སྐྱེད་ཀྱི་མཛད་སྒོར་ཞུགས་པ་རེད།

2020ལོའི་ཟླ12པར། ཀྲུང་ཨེ་རྒྱལ་ཁབ་གཉིས་ཀྱིས《པྲོག་གསར་གློ་ཚད་རིམས་ཀྱི་འགོག་སྨན་མཉམ་ལས་འདོད་མཚོན་ཡི་གེར》མིང་རྟགས་བཀོད། དེར་མཐུད་དེ་ཀྲུང་གོའི་ཁེ་ལས་ཀྱིས་ཨེ་ཅིབ་ཁེ་ལས་དང་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་མ་ཟད། ལག་རྩལ་རུ་ཁག་མངགས་ནས་ཨེ་ཅིབ་ཏུ་རང་ཡུལ་ཅན་གྱི་ཐོན་སྐྱེད་མཉམ་ལས་དངོས་འབེབས་བྱས། གྲོས་མཐུན་བཞག་པའི་ལོ་ཕྱེད་རྗེས་སུ། ཀྲུང་གོའི་རིམས་ནད་འགོག་སྨན་དེ་ཨེ་ཅིབ་ཏུ་རང་ཡུལ་ཅན་གྱི་ཐོན་སྐྱེད་ལས་གཞི་དངོས་སུ་འཁོར་སྐྱོད་བྱེད་མགོ་བརྩམས་ལ། དུས་ཡུན་ཐུང་ཐུང་ནང་འགོག་སྨན་ཁྲི100ཐོན་སྐྱེད་མངོན་འགྱུར་བྱས། འགོག་སྨན་ཐོག་མ་དེ་ཐོན་སྐྱེད་བྱས་པ་ཡིས་ཨ་ཅིབ་ནི་ཧྥེ་གླིང་གི་ཀྲུང་གོ་དང་མཉམ་དུ་འགོག་སྨན་མཉམ་ལས་ཐོན་སྐྱེད་བྱས་པའི་རྒྱལ་ཁབ་ཐོག་མ་རུ་གྱུར།

ཀྲུང་གོའི་འགོག་སྨན་དེ་ཨེ་ཅིབ་ཏུ་རང་ཡུལ་ཅན་གྱི་ཐོན་སྐྱེད་བྱས་པ་ཡིས་ཀྲུང་གོས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་ལྷག་བསམ་མཚོན་ལ། ཀྲུང་གོས་ཧུར་ཐག་གིས་ཀྲུའུ་ཞི་ཞི་ཅིང་ཕིང་གི་འགོག་སྨན་དེ་གོ་ལ་ཧྲིལ་བོའི་སྤྱི་བའི་ཐོན་རྫས་སུ་བསྒྱུར་བའི་གལ་ཆེའི་བསྒྲགས་གཏམ་དངོས་འབེབས་བྱས་པའི་བྱེ་བྲག་གི་བྱེད་ཐབས་ཤིག་ཡིན་པ་དང་། ཀྲུང་གོས་གོ་ལ་ཧྲིལ་བོའི་འགོག་སྨན་དྲང་སྙོམས་བགོ་སྤྲོད་ལ་སྐུལ་འདེད་དང“རིམས་འགོག་ལུང་ཁུག”སེལ་བའི་གལ་ཆེ་བའི་ཐབས་ལམ་ཤིག་ཀྱང་ཡིན། ལས་གཞི་འདིས་ཨེ་ཅིབ་ཀྱི་རིམས་འགོག་གནས་བབ་ལ་གལ་ཆེ་བའི་དོན་སྙིང་ལྡན་པ་མ་ཟད། ཧྥེ་གླིང་དང་ཨ་རབ་ས་ཁུལ་གྱིས་སྔ་མོ་ནས་རིམས་ནད་ལས་རྒྱལ་བར་རོགས་སྐྱོར་ཆེན་མོ་བྱེད་ཐུབ།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།