ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་ལྷོ་མའི་ཟིང་འཁྲུག་ཁྲོད་དུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཉིས་བརྒྱ་དང་བཅུ་གཉིས་ལ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཙུང་ཐུང་ཟུར་པ་ཙུའུ་མཱ་བཙོན་འཇུག་བྱས་པ་ལས་བྱུང་བའི་ཟིང་འཁྲུག་ཁྲོད་ནས་མི་ཉིས་བརྒྱ་དང་བཅུ་གཉིས་རྐྱེན་ལམ་དུ་ཤོར་སོང་ཟེར།

ལཱ་མཱ་ཧྥུའུ་སཱ་ཡིས་ཉིན་དེའི་དགོང་མོར་རྒྱལ་ཡོངས་ལ་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། མིག་སྔའི་བར་དུ་ཟིང་འཁྲུག་ཆེས་ཚབས་ཆེ་བ་ནི་ཁཱ་ཙུའུ་ལུའུ་ནཱ་ཐ་ཨར་ཞིང་ཆེན་ཡིན་ལ། ཞིང་ཆེན་དེ་རུ་མི་བརྒྱ་དང་བརྒྱད་ཅུ་རྐྱེན་ལམ་དུ་ཤོར་སོང་། ཧའོ་ཐིན་ཞིང་ཆེན་དུ་མི་སོ་གཉིས་རྐྱེན་ལམ་དུ་ཤོར་སོང་། བསྡོམས་པས་མི་ཉིས་སྟོང་ལྔ་བརྒྱ་ལྷན་འཛིན་བཟུང་བྱས་པ་དང་། དེའི་ནང་དུ་ཁཱ་ཙུའུ་ལུའུ་ནཱ་ཐ་ཨར་ཞིང་ཆེན་གྱི་མིས་སུམ་ཆའི་གཉིས་ཟིན་ཡོད་ཟེར།

ལཱ་མཱ་ཧྥུའུ་སཱ་ཡིས་བཤད་རྒྱུར། འདས་པའི་གཟའ་འཁོར་གཅིག་གི་ནང་དུ་བྱུང་བའི་ཟིང་འཁྲུག་ནི་ཨ་ཧྥེ་རི་ཁ་ལྷོ་མའི་དམངས་གཙོ་ལ་བསམ་བཞིན་དུ་དམིགས་ནས་ཇུས་འགོད་ཞིབ་མོ་བྱས་པའི་ངོ་རྒོལ་བྱ་སྤྱོད་ཡིན་ལ། དེའི་དམིགས་ཡུལ་ནི་དཔལ་འབྱོར་ལ་གཏོར་བརླག་བཟོ་རྒྱུ་དང་སྤྱི་ཚོགས་སྟེང་ཟིང་འཁྲུག་སློང་རྒྱུ་དེ་རེད་ཟེར། ཐོག་མར་བརྟག་དཔྱད་བྱས་པ་ལྟར་ན། འདས་པའི་གཟའ་འཁོར་གཅིག་གི་ནང་དུ་ཁྲོམ་ར་དང་ཉོ་འཚོང་ལྟེ་གནས་བརྒྱ་དང་རེ་གཅིག་དང་། མཛོད་ཁང་བཅུ་གཅིག བཟོ་གྲྭ་བརྒྱད། ཆང་རིགས་ཆེད་འཚོང་ཁང་བརྒྱ་དང་རེ་གཅིག་བཅས་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད།

ཙུང་ཐུང་བཞུགས་ཤག་གི་པུའུ་ཀྲང་ཚབ་མ་ཨིན་ཐི་ཧྲ་ཝེ་ཉི་ཡིས་ཉིན་དེར་བཤད་རྒྱུར། ཧའོ་ཐིན་ཞིང་དང་ཁཱ་ཙུའུ་ལུའུ་ནཱ་ཐ་ཨར་ཞིང་ཆེན་གྱིས་སྒྲིག་ལམ་སླར་གསོ་བྱེད་བཞིན་པའི་སྒང་ཡིན་ལ། མྱུར་བགྲོད་གཞུང་ལམ་གཙོ་བོ་གཉིས་ཀྱི་སྟེང་ཡང་བསྐྱར་གནད་འགག་གི་དངོས་རྫས་དང་ཟས་རིགས། སྨན་རྫས། འབར་སྣུམ་སོགས་སྐྱེལ་འདྲེན་བྱེད་དུ་བཅུག་ཡོད་ཟེར།

ལཱ་མཱ་ཧྥུའུ་སཱ་ཡིས་ཚེས་བཅུ་གཉིས་ཉིན་དམག་དཔུང་མངགས་ནས་ཉེན་རྟོག་པར་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་རོགས་དང་ཟིང་འཁྲུག་ཞི་འཇགས་སུ་གཏོང་རོགས་བྱས། མིག་སྔར་རྒྱལ་སྲུང་དམག་མི་ཉིས་ཁྲི་ལྔ་སྟོང་མངགས་ཡོད་པ་དང་། ཁོ་ཚོས་ས་ཁུལ་གཙོ་བོ་དག་སྲུང་འཛིན་པར་མ་ཟད། ད་དུང་ཞིང་ཆེན་གཞན་པ་རུ་སོང་ནས་ཟིང་འཁྲུག་འབྱུང་བར་བཀག་འགོག་བྱེད་བཞིན་ཡོད།

ཙུང་ཐུང་ཟུར་པ་ཙུའུ་མཱ་ཡིས་ཚེས་བདུན་ཉིན་གྱི་ནམ་གུང་ཁྲིམས་ཁང་སྣང་མེད་དུ་བཞག་པའི་ཉེས་མིང་བཟུང་ནས་ཉེན་རྟོག་ཕྱོགས་ལ་རང་ཉེས་ངོས་བླངས། ཁོར་རྒྱབ་སྐྱོར་བྱེད་མཁན་གྱིས་ཚེས་དགུ་ཉིན་ནས་བཟུང་ཁོའི་ཕ་ཡུལ་ཁཱ་ཙུའུ་ལུའུ་ནཱ་ཐ་ཨར་ཞིང་ཆེན་ནས་རྔམ་སྟོན་བྱས་ཏེ། ཙུའུ་མཱ་ཕྱིར་གཏོང་དགོས་པའི་རེ་བ་བཏོན། ངོ་རྒོལ་བྱ་འགུལ་དེ་རྗེས་སུ་དངོས་རྫས་བཙན་འཕྲོག་བྱེད་པ་དང་མེར་བསྲེགས་པའི་བྱ་སྤྱོད་དུ་གྱུར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།