ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐ་ལེ་པན་གྱིས་སྐོར་ཐེངས་གསར་པའི་ཞི་བའི་གྲོས་མོལ་བྱས།

    སྤེལ་དུས། : 2021-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་མི་རིགས་འགྲིག་མཐུན་མཐོ་རིམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་པུའུ་ཏུའུ་ལཱ་དང་། ཐ་ལེ་པན་དྲག་ཆས་རྩ་འཛུགས་ཀྱི་ཏོ་ཧ་རུ་སྡོད་པའི་ཆབ་སྲིད་དོན་གཅོད་ཁང་གི་ཀྲུའུ་རིན་པཱ་ལཱ་ཏ་ཨར་གཉིས་ཀྱིས་ཚེས་བཅུ་བདུན་ཉིན་སོ་སོར་ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐ་ལེ་པན་གྱི་འཐུས་ཚབ་ཚོགས་པ་ཁྲིད་དེ། ཁཱ་ཐར་རྒྱལ་ཁབ་ཀྱི་རྒྱལ་ས་ཏོ་ཧ་ནས་སྐོར་ཐེངས་གསར་པའི་ཞི་བའི་གྲོས་མོལ་བྱས།

ཨ་པུའུ་ཏུའུ་ལཱ་ཡིས་གྲོས་མོལ་འགོ་བརྩམས་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ནས་བཤད་རྒྱུར། ཨ་ཧྥུའུ་ཧན་མིག་སྔར་དཀའ་ངལ་གྱི་དུས་རིམ་དུ་གནས་པ་དང་། དྲག་ཤུགས་འཁྲུག་རྩོད་རྒྱུན་དུ་འབྱུང་བཞིན་ཡོད་ལ། གནོད་པ་ཐེབས་མཁན་གཙོ་བོ་ནི་ཨ་ཧྥུའུ་ཧན་གྱི་མི་དམངས་ཡིན་པས། ཨ་ཧྥུའུ་ཧན་གྱི་གནད་དོན་ཐག་གཅོད་པའི་བརྩོན་པ་ཡོད་ཚད་འཁྲུག་རྩོད་མཚམས་འཇོག་རྒྱུ་མ་ཟད་ཆབ་སྲིད་ཀྱི་ཐབས་ལམ་སྤྱོད་པའི་ཕྱོགས་སུ་བསྐྱེད་དགོས་ལ། ཞི་བདེ་མངོན་འགྱུར་བྱེད་པར་ཕྱོགས་གཉིས་ཀས་བྱེད་ཐབས་བཟང་པོ་སྤྱོད་དགོས་ཟེར།

ཁོས་བཤད་རྒྱུར། ཨ་ཧྥུའུ་ཧན་བསྐྱར་འཛུགས་བྱེད་དགོས་ན། ས་ཁུལ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་དུ་འཛུགས་སྐྲུན་རང་བཞིན་གྱི་འབྲེལ་བ་འཛུགས་དགོས་པ་དང་། ཨ་ཧྥུའུ་ཧན་མི་དམངས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཞི་བའི་འཕེལ་རིམ་ཐད་ཀྱི་རྒྱུན་མཐུད་རྒྱབ་སྐྱོར་མཁོ་ཞིང་། ཨ་ཧྥུའུ་ཧན་གྱི་གནད་དོན་དེ་དམག་དོན་གྱི་ཐབས་ལ་བརྟེན་ནས་ཐག་གཅོད་མི་རུང་ཟེར།

པཱ་ལཱ་ཏ་ཨར་གྱིས་བཤད་རྒྱུར། ཨ་ཧྥུའུ་ཧན་ནི་ཨ་ཧྥུའུ་ཧན་མི་དམངས་ཡོངས་ཀྱི་ཐུན་མོང་གི་མེས་རྒྱལ་ཡིན་པས། ཕྱོགས་སོ་སོས་ཕ་རོལ་བར་ཡིད་མི་ཆེས་པའི་རྣམ་འགྱུར་འདོར་བ་དང་། མི་སྒེར་གྱི་ཁེ་ཕན་དོར་ནས། རྒྱལ་ཁབ་ཀྱི་གཅིག་གྱུར་དང་དར་རྒྱས་ཐད་འབད་བརྩོན་བྱེད་དགོས་ཟེར། ཁོས་ད་དུང་ཐ་ལེ་པན་གྱིས་སྐོར་ཐེངས་འདིའི་གྲོས་མོལ་ལེགས་འགྲུབ་འབྱུང་བའི་ཆེད་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བཤད།

ཕྱེད་གླིང་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐ་ལེ་པན་གཉིས་ཀ་གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་ཀྱི་འཐུས་ཚབ་མི་སྣ་བཅུ་བཞིས་གྲུབ་པའི་ཨུ་ཡོན་ལྷན་ཁང་ཞིག་འཛུགས་པར་གྲོས་འཆམ་བྱུང་ཡོད་ལ། ཨུ་ཡོན་ལྷན་ཁང་དེའི་འགན་འཁྲི་ནི་གྲོས་མོལ་གྱི་གྲོས་རིམ་གཏན་ཁེལ་བྱེད་རྒྱུ་དེ་ཡིན་པ་དང་། གྲོས་རིམ་གྱི་ནང་དུ་དམག་འཁྲུག་མཚམས་འཇོག་པ་དང་བཟུང་དམག་ཕྱིར་གཏོང་བ་སོགས་ཀྱི་ནང་དོན་འདུ་ཟེར།

ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐ་ལེ་པན་གྱིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་དགུ་པར་ཁཱ་ཐར་ནས་ཞི་བའི་གྲོས་མོལ་བྱེད་འགོ་བརྩམས་ནའང་། ཕྱོགས་གཉིས་བར་དུ་རྩོད་གཞི་ཆེན་པོ་ཡོད་པས། གྲོས་མོལ་གྱི་འཕེལ་རིམ་ཧ་ཅང་དལ།

ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་ཟླ་ལྔ་པའི་ཚེས་གཅིག་ཉིན་ནས་བཟུང་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་འགོ་བརྩམས་རྗེས། ཐ་ལེ་པན་གྱིས་དཔུང་འཇུག་ཐེངས་མང་བྱས་ཏེ། ཨ་ཧྥུའུ་ཧན་གྱི་སྲིད་གཞུང་དམག་བར་དུ་འཐབ་འཁྲུག་ཐེངས་མང་བརྒྱབ་པས། ས་དེའི་བདེ་འཇགས་གནས་བབ་བསྟུད་མར་ཇེ་སྡུག་ཏུ་སོང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།