ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་ཨ་མེ་རི་ཁའི་རྒྱ་མཚོ་ལྷོ་མའི་ཐད་ཀྱི་ནོར་འཁྲུལ་གྱི་བྱ་སྤྱོད་ལ་ཧ་ཅང་མ་དགའ་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་གྱི་ཉེ་སྔོན་རྒྱ་མཚོ་ལྷོ་མའི་འདུམ་གཅོད་གྱོད་གཞིའི་འབྲེལ་ཡོད་གཏམ་བརྗོད་ལ་དམིགས་ནས། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལིས་ཅན་གྱིས་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན་བསྟན་དོན། ཨ་མེ་རི་ཁའི་གསལ་བསྒྲགས་དེས་རྒྱ་མཚོ་ལྷོ་མའི་གནད་དོན་གྱི་ལོ་རྒྱུས་འབྱུང་ཁུངས་དང་དངོས་ཡོད་དོན་དངོས་སྣང་མེད་དུ་བཞག་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ལ་འགལ་ནས་འཁྱོག་བརྗོད་བྱས་ལ། ཨ་མེ་རི་ཁའི་སྲིད་གཞུང་གིས་ཡུན་རིང་བོར་རྒྱ་མཚོ་ལྷོ་མའི་བདག་དབང་གནད་དོན་སྟེང་ལངས་ཕྱོགས་མི་འཛིན་པའི་ཡོངས་བསྒྲགས་ཀྱི་དམ་བཅའ་དང་རྒྱབ་འགལ་བྱས་ཏེ། བསམ་བཞིན་དུ་རྒྱ་མཚོ་ལྷོ་མའི་མངའ་ཁོངས་ཀྱི་བདག་དབང་དང་རྒྱ་མཚོའི་ཁེ་དབང་གི་རྩོད་གཞི་བསླངས་པ་དང་། ས་ཁུལ་དང་རྒྱལ་ཁབ་བར་གྱི་འབྲེལ་བར་དཀྲུགས་ཤིང་འཕངས་ལ། ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་གཏོར་བརླགས་བྱས་པས། ཧ་ཅང་འགན་མ་འཁུར་བའི་བྱ་སྤྱོད་ཅིག་རེད། ཀྲུང་གོས་ཨ་མེ་རི་ཁའི་ནོར་འཁྲུལ་གྱི་བྱ་སྤྱོད་དེར་ཧ་ཅང་མ་དགའ་བའི་ཚུལ་བསྟན་པར་མ་ཟད་མཐའ་གཅིག་ཏུ་དེར་ངོ་རྒོལ་བྱས་པ་ཡིན་ཟེར།

ཀྲའོ་ལིས་ཅན་གྱིས་དོན་དངོས་དྲུག་ནན་གྱིས་བསྟན་པར་མ་ཟད་བཤད་རྒྱུར། ཀྲུང་གོ་ནི་རྒྱལ་སྤྱིའི་ཁྲིམས་སྐྱོང་གི་འགྱུར་མེད་ཀྱི་སྲུང་སྐྱོབ་པ་དང་ལག་བསྟར་པ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཡིན་པའི་ཆ་ནས། དུས་རྟག་ཏུ་སྤྱི་ཆིངས་ལ་རྒྱུས་ལོན་ཡང་དག་བྱས་པ་དང་། སྤྱི་ཆིངས་ལག་བསྟར་ནན་མོ་བྱེད་བཞིན་ཡོད། ཨ་མེ་རི་ཁས་རང་ནི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་པ་ཡིན་པར་བཤད་དེ་སྤྱི་ཆིངས་ངེས་པར་དུ་ལག་བསྟར་བྱེད་དགོས་ཚུལ་བཤད་པ་དང་། ཐེངས་མང་པོར་སྤྱི་ཆིངས་གཞིར་བཟུང་ནས་དོན་དག་བཤད་སོང་། དེ་འདྲ་ཡིན་ཚེ་ཨ་མེ་རི་ཁ་ཐོག་མར་སྤྱི་ཆིངས་ལག་བསྟར་བྱེད་པའི་རྒྱལ་ཁབ་ཀྱི་གྲས་སུ་ཞུགས་དགོས་ཟེར།

ཀྲའོ་ལིས་ཅན་གྱིས་བཤད་རྒྱུར། ཀྲུང་གོས་ཨ་མེ་རི་ཁས་རྒྱལ་སྤྱིའི་བཅའ་ཁྲིམས་གང་བྱུང་དུ་བཀོལ་མཚམས་འཇོག་རྒྱུ་དང་། དྲག་ཤུགས་བཀོལ་བ་དང་ཡང་ན་དྲག་ཤུགས་བཀོལ་རྒྱུའི་འཇིགས་སྣང་སློང་མཚམས་འཇོག་རྒྱུ། རྒྱ་མཚོ་ལྷོ་མའི་ཐད་ནས་དོན་རྐྱེན་བཟོ་མཚམས་འཇོག་རྒྱུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཁྲིམས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་བྱེད་རྒྱུ། ཀྲུང་གོའི་རྒྱ་མཚོ་ལྷོ་མའི་བདག་དབང་དང་ཁེ་དབང་ལ་བརྩི་བཀུར་བྱེད་རྒྱུ་བཅས་ལས། ནོར་འཁྲུལ་གྱི་བྱ་བ་ཡང་དང་བསྐྱར་དུ་མི་བསྒྲུབ་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།