ཀྲུང་གོ་བོད་ཀྱི་དྲ་བ།

འབར་མས་རྨང་གཞིའི་སློབ་གསོའི་སློབ་གྲྭའི་སྒོ་བརྒྱབ་སྟེ་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་སྲུང་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འབར་མའི་འཕྲོད་བསྟེན་དང་ལུས་རྩལ་པུའུ་ཡིས་ཚེས་བརྒྱད་ཉིན་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་བྱེད་ཆེད། འབར་མ་ཡིས་ཚེས་དགུ་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་གནས་སྐབས་སུ་རྨང་གཞིའི་སློབ་གསོའི་སློབ་གྲྭའི་སྒོ་བརྒྱག་རྒྱུ་ཡིན་ཟེར། 

འབར་མའི་འཕྲོད་བསྟེན་དང་ལུས་རྩལ་པུའུ་ཡིས་ཉིན་དེའི་དགོང་མོར་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་ལྔ་བའི་ཟླ་དཀྱིལ་དུ་འབར་མའི་མངའ་ཁོངས་སུ་གཤིས་འགྱུར་བའི་པྲོག་གསར་ནད་དུག་བྱུང་ཡོད། རིམས་ནད་སྔར་ལས་རྒྱ་ཡན་དུ་འགྲོ་བར་ཚོད་འཛིན་བྱེད་ཆེད། སྲིད་གཞུང་གིས་ཚེས་དགུ་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་རྒྱལ་ཡོངས་ཀྱི་སྒེར་བཙུགས་དང་དགོན་པའི་སློབ་གྲྭ་འདུས་པའི་རྨང་གཞིའི་སློབ་གསོའི་སློབ་གྲྭའི་སྒོ་བརྒྱག་རྒྱུ་ཐག་བཅད་པ་ཡིན་ཟེར། 

འབར་མའི་འཕྲོད་བསྟེན་དང་ལུས་རྩལ་པུའུ་ཡིས་ཚེས་བརྒྱད་ཉིན་སྤེལ་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། འདས་པའི་དུས་ཚོད་ཉེར་བཞིའི་ནང་འབར་མ་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྟོང་བཞི་དང་བརྒྱ་དང་སོ་གཉིས་ཇེ་མང་དུ་སོང་བ་དང་། བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་བརྒྱད་ང་ལྔར་བསླེབས་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ང་གཅིག་ཇེ་མང་དུ་སོང་བ་དང་བསྡོམས་པས་ནད་པ་སྟོང་གསུམ་དང་དྲུག་བརྒྱ་ཉེར་གཅིག་རྐྱེན་ལམ་དུ་ཤོར། 

འབར་མ་རྒྱལ་ཁབ་ཀྱིས་ན་ནིང་ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་ཐོག་དང་པོར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཡོད་པར་སྙན་ཞུ་བྱས་པ་དང་། འབར་མའི་སློབ་གསོའི་ལས་ཁུངས་ཀྱིས་ན་ནིང་ཟླ་བརྒྱད་པའི་ཟླ་སྨད་ནས་སྒོ་མི་བརྒྱག་ཐབས་མེད་བྱུང་བ་དང་། ད་ལོའི་ཟླ་དྲུག་པའི་ཟླ་མགོར་སློབ་གྲྭ་ཡང་བསྐྱར་སྒོ་ཕྱེས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།