ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་གིས་ནད་དུག་གི་འབྱུང་ཁུངས་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་བར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2021-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཀྲུང་གོའི་སྲིད་གཞུང་གིས་ནད་དུག་གི་འབྱུང་ཁུངས་ཀྱི་ཞིབ་འཇུག་ཐད་བསྒྲུབས་པའི་བྱ་བ་དང་བླངས་པའི་གྲུབ་འབྲས་ལ་གཟེངས་བསྟོད་ཆེན་པོ་བྱས་པ་དང་། ནད་དུག་གི་འབྱུང་ཁུངས་གནད་དོན་དེ་ཆབ་སྲིད་ཅན་དུ་བསྒྱུར་བར་ངོ་རྒོལ་བྱེད་པའི་ཚུལ་བསྟན། 

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱ་ཡིས་ཀྲུང་གོའི་སྲིད་གཞུང་གིས་ཐོག་མར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་དུ་ནད་དུག་གི་འབྱུང་ཁུངས་ཀྱི་ཞིབ་འཇུག་མཉམ་ལས་སྤེལ་བ་དང་བླངས་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པ་དང་། སི་རི་ཡཱའི་སྲིད་གཞུང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པ་དང་། མཉམ་དུ་འཛམ་གླིང་ཡོངས་ཀྱི་ནད་དུག་གི་འབྱུང་ཁུངས་རྩད་གཅོད་བྱེད་པའི་མཉམ་ལས་ལ་ཡར་སྐུལ་བཏང་སྟེ། མཉམ་དུ་ནད་དུག་འགྲན་རྩོད་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བསྟན་དོན། ཨ་མེ་རི་ཁ་སོགས་རྒྱལ་ཁབ་རེ་འགའ་ཡིས་ཉེ་སྔོན་ནད་དུག་གི་འབྱུང་ཁུངས་གནད་དོན་ཐད་ཆབ་སྲིད་ཅན་གྱི་དཀྲུག་འཕེན་བྱ་སྤྱོད་རབ་དང་རིམ་པ་སྤེལ་ནས། མངོན་སུམ་འཛེམ་མེད་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཀྲུང་གོའི་མཉམ་འབྲེལ་ཞིབ་འཇུག་སྙན་ཞུའི་སྤྱི་བསྡོམས་ཁས་ལེན་མ་བྱས་པ་དང་། རྒྱལ་སྤྱིའི་ཚན་རིག་པའི་དབང་གྲགས་ལ་མངོན་སུམ་དུ་འགྲན་བསླངས་པ་ཡིན་ལ། ཆེས་ལས་མ་ཡིན་པའི་གསང་འཕྲིན་སྡེ་ཁག་གིས་ནད་དུག་གི་འབྱུང་ཁུངས་ལ་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཆབ་སྲིད་ཐད་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་གནོན་ཤུགས་བྱིན་ཡོད། བྱ་སྤྱོད་དེ་དག་ནི་ནད་དུག་གི་འབྱུང་ཁུངས་གནད་དོན་དེ་ཆབ་སྲིད་ཅན་དུ་བསྒྱུར་ནས་རྒྱལ་ཁབ་གཞན་པ་དང་ཁྱད་པར་དུ་ཀྲུང་གོར་ངོ་རྒོལ་བྱེད་པའི་ཡོ་བྱད་དུ་བྱས་ཏེ། ཚན་རིག་ཞིབ་འཇུག་གི་གཞི་རྩའི་ཆོས་ཉིད་དང་སྣང་ཚུལ་ལ་གཏོར་བརླག་ཚབས་ཆེན་བཟོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་བྱས་ནས་རིམས་འགོག་བྱེད་པའི་བྱ་བར་བཀག་རྒྱ་བཟོས་པར་མ་ཟད། ཆབ་སྲིད་ཀྱི་ངོ་རྒོལ་དང་ཁ་བྲལ་གནས་ཚུལ་ཇེ་དྲག་ཏུ་བཏང་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།